分享按钮

ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཤམ་སྤེལ་ ལྔའི་ཞབས་ཞུའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་11ཉིན། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཀྲུང་གོའི་ཕུགས་འདུན། ངལ་རྩོལ་བཟང་། སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་ཏང་གི་རྗེས་སུ་འབྲངས། མཐུན་སྒྲིལ་འབད་འཐབ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད། སེམས་ནུས་གཅིག་ཏུ་བསྒྲིལ་ནས། བཟོ་ཚོགས་ཀྱིས་ལས་ཞུགས་གསར་པའི་ལས་རྣམ་གྱི་ངལ་རྩོལ་པར་ཞབས་འདེགས་ཞུ་བའི་གཤམ་སྤེལ་ལྔའི་བྱེད་སྒོ་དང་གཅིག་སྡུད་ཐོག་བཟོ་ཚོགས་ནང་ཞུགས་པའི་བྱ་སྤྱོད་སྤེལ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཐུགས་ཁུར་དང་གཅེས་སྐྱོང་གི་བྱ་སྤྱོད་གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས་བཅས་ཀྱི་སྒོ་ནས་སྤེལ་བ་རེད།

བྱེད་སྒོའི་ཁྲོད་ལྷ་ས་གྲོང་ཁྱེར་མྱུར་སྐྱེལ་ལས་རིགས་མཉམ་འབྲེལ་བཟོ་ཚོགས་ཨུ་ཡོན་ལྷན་ཁང་ལ་བྱང་བུ་སྤྲད་པ་དང་། བཟོ་ཚོགས་ནང་ཞུགས་པའི་ཚོགས་མི་གསར་པའི་འཐུས་མིར་ཚོགས་མིའི་ལག་ཁྱེར་སྤྲད་པར་མ་ཟད། མྱུར་སྐྱེལ་པར་འཚམས་འདྲི་བྱས་པ་དང་འབྲེལ་ཁོང་ཚོར་འཚམས་འདྲིའི་དངུལ་དང་བདེ་ཐང་སྨན་སྒམ་སྤྲད་དེ་ལས་ཞུགས་གསར་པའི་ལས་རྣམ་གྱི་ངལ་རྩོལ་པར་བརྩི་འཇོག་དང་གཅེས་སྐྱོང་བྱེད་ལུགས་མཚོན་པར་བྱས་པ་དང་། ཏང་དང་སྲིད་གཞུང་དང་དེ་བཞིན་བཟོ་ཚོགས་ཀྱིས་ལས་ཞུགས་གསར་པའི་རྒྱ་ཆེའི་ངལ་རྩོལ་པར་ཐུགས་ཁུར་གནང་ལུགས་བརྒྱུད་བསྒྲགས་བྱས་པ་རེད།

ཀྲུང་གོའི་སྦྲག་སྲིད་ཀྱི་མྱུར་སྐྱེལ་པ་ཤེས་རབ་ཕུན་ཚོགས་ཀྱིས་དེ་རིང་ཐེངས་འདིའི་བྱེད་སྒོར་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ང་ཚོར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལས་རིགས་མཉམ་འབྲེལ་བཟོ་ཚོགས་ཨུ་ཡོན་ལྷན་ཁང་ཡོད་པས་ང་ཚོའི་ཁེ་དབང་ལའང་སྔར་བས་འགན་ལེན་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།

བྱེད་སྒོ་སྤེལ་བའི་ཉིན་དེ་ཟླ་11ཚེས11ཉིན་དང་ཏག་ཏག་འཁེལ་ཞིང་། ལས་སྒོ་གསར་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཆེད། ལྷ་ས་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱིས་སྔ་ཙམ་བཀོད་སྒྲིག་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་མྱུར་སྐྱེལ་མང་བའི་དུས་ཚིགས་ལ་ཁ་གཏད་ཧུར་ཐག་བཅག་ཡོད་པ་རེད།

གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཁོའོ་ཡི་འགན་འཁུར་བ་ལི་ཆན་གྱིས་ཚེས་11ཉིན་ནས་བཟུང་མྱུར་སྐྱེལ་ལས་རིགས་ནི་མྱུར་སྐྱེལ་ཆེས་མང་བའི་དུས་མཚམས་སུ་སླེབས་རྒྱུ་རེད། སྐབས་དེར་མྱུར་སྐྱེལ་བ་རྣམས་ཀྱི་ལས་འབོར་ཧ་ཅང་ཆེན་པོ་ཡོད་ཀྱང་ང་ཚོས་སྔ་སྣུར་དུ་བཀོད་སྒྲིག་འོས་འཚམ་བྱས་ནས་མྱུར་སྐྱེལ་ཁེ་ལས་ལ་ཞབས་ཞུའི་ནུས་པ་འདང་ངེས་ཡོད་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

མིག་སྔར།ལས་ཞུགས་གསར་པའི་ལས་རྣམ་གྱི་ངལ་རྩོལ་པའི་ཚོགས་སྤྱི་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བློ་ཁ་ཕྱོགས་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། བཟོ་ཚོགས་རྩ་འཛུགས་ནི་ལས་ཞུགས་གསར་པའི་ལས་རྣམ་གྱི་ངལ་རྩོལ་པ་ཚུད་པའི་རྒྱ་ཆེའི་ལས་བཟོ་བ་མང་ཚོགས་ཀྱི་ནང་མི་དང་མཚུངས་ཤིང་། ལས་ཞུགས་གསར་པའི་ལས་རྣམ་གྱི་ངལ་རྩོལ་པར་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུ་ནི་བཟོ་ཚོགས་རྩ་འཛུགས་ཀྱི་འགན་འཁྲི་དང་ལས་འགན་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འགན་འཁྲི་གཙོ་བོ་ཏན་ཏིག་ཁུར་བ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཐུགས་ཁུར་དང་གཅེས་སྐྱོང་གི་བྱ་སྤྱོད་གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས་བཅས་ཀྱི་སྒོ་ནས་སྤེལ་ཏེ།དུས་ཆེན་གསུམ་རིང་། ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་པ་དང་། གཞི་རིམ་དུ་ཞབས་འདེགས་ཞུ་བ་སོགས་དྲོ་སྐྱིད་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ཡོད། དེ་དང་ཆབས་ཅིག་ད་དུང་གླ་ཆ་ཆད་འགྱངས་དང་ཁྲིམས་ལུགས་ཀྱི་རོགས་སྐྱོར་སོགས་ཁེ་དབང་སྲུང་སྐྱོང་ལས་དོན་ཧུར་ཐག་སྤེལ་བས་རྒྱ་ཆེའི་ལས་བཟོ་བ་དང་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། ཐེངས་འདིའི་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་ཞུགས་གསར་པའི་ལས་རྣམ་གྱི་ངལ་རྩོལ་པའི་ཁེ་དབང་འགན་ལེན་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་ལ་ལས་ཞུགས་གསར་པའི་ལས་རྣམ་གྱི་ངལ་རྩོལ་པའི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་སྔར་བས་ཆེ་རུ་གཏོང་བའི་ལག་ལེན་ནུས་ལྡན་ཞིག་ཀྱང་རེད།

ལི་ཆན་གྱིས་ལྷ་ས་གྲོང་ཁྱེར་མྱུར་སྐྱེལ་ལས་རིགས་མཉམ་འབྲེལ་བཟོ་ཚོགས་ཨུ་ཡོན་ལྷན་ཁང་བཙུགས་ཚུན། ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་མཛུབ་སྟོན་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་གྱི་མྱུར་སྐྱེལ་པའི་ཁེ་དབང་སྣ་ཚོགས་འགན་ལེན་གང་ལེགས་བྱུང་ཡོད། ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མྱུར་སྐྱེལ་པར་ཐུགས་ཁུར་དང་རྒྱབ་་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རྗེས་ང་ཚོའི་ཨུ་ཡོན་ལྷན་ཁང་གིས་ཀྱང་འབྲེལ་ཡོད་ཀྱི་བྱེད་སྒོ་མང་ཙམ་སྤེལ་ནས་ཁོང་ཚོར་ཤེས་བྱ་དང་། བཅའ་ཁྲིམས། རིག་གནས་བཅས་ཤེས་རྟོགས་ཐུབ་པར་བྱས་ནས་ཁོང་ཚོའི་ཁྲིམས་མཐུན་ཁེ་དབང་དང་ལྷག་པར་དུ་ཁོང་ཚོའི་ཁྲིམས་མཐུན་ཡོང་འབབ་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-14 6 6 拉萨日报藏文 c190990.html 1 ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཤམ་སྤེལ་ ལྔའི་ཞབས་ཞུའི་བྱེད་སྒོ་སྤེལ་བ། /enpproperty-->