分享按钮

ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་དུ་རླངས་འཁོར་བཏང་ནས་འགྲོ་འོང་བྱེད་མཁན་ལ་བརྡུངས་པའི་དོན་རྐྱེན་བྱུང་བའི་ཐད་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་11ཉིན་གྱི་དགོང་མོ། ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་ཤང་ཀྲོའུ་ཁུལ་གྱི་ལུས་རྩལ་ལྟེ་གནས་སུ་མི་ཞིག་གིས་རླངས་འཁོར་བཏང་ནས་འགྲོ་འོང་བྱེད་མཁན་ལ་བརྡུངས་པའི་དོན་རྐྱེན་བྱུང་སྟེ། མིག་སྔའི་བར་དུ་མི་35རྐྱེན་ལམ་དུ་ཤོར་བ་དང་། མི་43ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།

གྱོད་གཞི་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་གནང་ནས་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་ཤང་ཀྲོའུ་ཁུལ་ལུས་རྩལ་ལྟེ་གནས་སུ་མི་ཞིག་གིས་རླངས་འཁོར་བཏང་ནས་འགྲོ་འོང་བྱེད་མཁན་ལ་བརྡུངས་པའི་གྱོད་གཞི་ཐོན་ཏེ་མི་སྣ་ཤི་རྨས་ཚབས་ཆེན་བཟོས་ཡོད་ཅིང་། དེའི་ངོ་བོ་ཤིན་ཏུ་ངན་པ་ཡིན། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ་དང་། འཆི་རྨས་བྱུང་བའི་མི་སྣ་དང་ཁོང་ཚོའི་ནང་མིར་རྗེས་འཇུག་དང་སེམས་གསོའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ལག་དམར་བར་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་དགོས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་བསླབ་བྱ་གཏིང་ཟབ་ལེན་པ་དང་། གཅིག་ཤེས་ཀུན་གྲོལ་ཐུབ་པར་བྱས་ནས་ཉེན་ཁ་འབྱུང་རྩ་ནས་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འགལ་ཟླ་དང་རྩོད་རྙོག་དུས་ཐོག་ཏུ་སེལ་བ། ཐལ་འགྱུར་གྱོད་གཞི་ཐོན་རྒྱུ་སྔོན་འགོག་ནན་པོ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས་ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་དང་། རྗེས་འཇུག་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། གྱོད་གཞིའི་གནས་ཚུལ་གང་མགྱོགས་གསལ་རྟོགས་ཐུབ་པར་བྱེད་པ་དང་འབྲེལ་ཁྲིམས་ལྟར་ལག་དམར་བར་ཆད་པ་ནན་པོ་གཅོད་དགོས། སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་ཟུང་འབྲེལ་བྱས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་དང་སྤྱི་ཚོགས་ཀྱི་འགལ་ཟླ་གྲལ་བཤེར་དང་སེལ་བའི་ལས་དོན་ཏན་ཏིག་བསྒྲུབས་ཏེ་སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གཞིར་བཟུང་། ཀྲུང་དབྱང་གིས་ལས་དོན་ཚོགས་ཆུང་ས་གནས་དེ་གར་ལས་ཀར་མཛུབ་ཁྲིད་དང་ཐག་གཅོད་བྱེད་པར་མངགས་ཡོད་པ་དང་། ཀོང་ཏུང་ཞིང་ཆེན་དང་ཀྲུའུ་ཧའེ་གྲོང་ཁྱེར་གྱིས་རྨས་མ་སྐྱོབ་བཅོས་དང་། གྱོད་གཞི་མྱུལ་ཞིབ་ཐག་གཅོད། སྤྱི་ཚོགས་ཐོག་གི་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་བཞིན་ཡོད་པ་རེད། མིག་སྔར། ལས་དོན་ཁག་སྤེལ་བཞིན་ཡོད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-14 6 6 拉萨日报藏文 c190986.html 1 ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་དུ་རླངས་འཁོར་བཏང་ནས་འགྲོ་འོང་བྱེད་མཁན་ལ་བརྡུངས་པའི་དོན་རྐྱེན་བྱུང་བའི་ཐད་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ། /enpproperty-->