分享按钮

སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལས་ཀའི་རྩ་དོན་ལྔ་རྩ་བར་བྱེད་པ་དང་ཐོན་ལས་ཆེན་པོ་དགུ་རྨང་གཞིར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་ཡག་པོ་ཞིག་བརྩམས་པ།

(པར་ངོས་དང་པོར་མཐུད)ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ལས་ཀའི་རྩ་དོན་དོན་ཚན་ལྔའི་སྣེ་ཁྲིད་འོག ཐོན་ལས་ཆེན་པོ་དགུ་སྟོབས་ཆེར་བཏང་བ་བརྒྱུད།དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད།

སྟོད་ལུང་བདེ་ཆེན་ཆུས་ཀྱིས་འབྱུང་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས། རི་བོ་གཉིས་ཀྱི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པར་བྱས་ཡོད། ཐིག་གསུམ་དང་རྩིས་ཐོ་གཅིག་གི་གྲུབ་འབྲས་དོན་འཁྱོལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། གནམ་སྔོ་བ་དང་། ཆུ་དྭངས་པ། ས་གཙང་བ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་མུ་མཐུད་ནས་ཡག་པོ་བརྒྱབ་སྟེ། ས་རྒྱུའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་མགྱོགས་སུ་བཏང་ཡོད། ཆུ་དཔོན་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པས། ལོ་མང་རིང་མཁའ་རླུང་གི་སྤུས་ཚད་ལེགས་ཚད་དང་། གཙང་པོ་དང་མཚེའུ་ཡི་ཆུའི་སྤུས་ཚད་ལོན་ཚད་ཚང་མ་བརྒྱ་ཆ་100རྒྱུན་འཁྱོངས་ཐུབ་ཡོད། 2023ལོར། གྲོང་རྡལ(ཁྲོམ་གཞུང)5དང་། གྲོང་ཚོ(ཁྲོམ་གཞུང)25ཡིས་རང་སྐྱོང་ལྗོངས་རིམ་པའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཤང(གྲོང་རྡལ་དང་ཁྲོམ་གཞུང)དང་། གྲོང་ཚོ(གྲོང་ལྷན)གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། གནས་ནང་ལུང་ཤུར་གྱི་གསའ་ཡི་འཚོ་གནས་ཁུལ་དེ་རྒྱལ་ཁབ་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁུལ་གལ་ཆེན་ཁག་དང་པོའི་མིང་གཞུང་ནང་བཅུག་པ་རེད།

གཙང་པོའི་རྒྱུད་ཀྱི་ནུབ་ཕྱོགས་སུ་བསྐྱོད་ཚེ་གདོད་མའི་རང་བྱུང་གི་རྣམ་པ་ཞིག་གསར་འགོད་པའི་མིག་མདུན་དུ་རིམ་བཞིན་མངོན་བྱུང་། གནས་ནང་ལུང་ཤུར་གྱི་ཕྱོགས་བཞིར་རི་བོས་བསྐོར་བ་དང་། སྟོན་དུས་ཀྱི་སྐབས་དང་ཏག་ཏག་འཁེལ་ཞིང་། ལུང་ཤུར་དེའི་ནང་གི་རྩི་ཤིང་རྣམས་ཁ་དོག་རྣམ་པར་བཀྲ་ལ་ཡིད་དབང་འཕྲོག་པའི་རྣམ་པ་ཞིག་མངོན་གྱི་ཡོད། གནས་ནང་ལུང་ཤུར་སྐྱེ་ཁམས་རིག་གནས་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་པ་ལི་དབྱི་ཝང་གིས། ང་ཚོས་ཐོག་མཐའ་བར་གསུམ་དུ་འབྱུང་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ཡོད་ཅིང་། ཐོན་ཁུངས་ལ་བརྟེན་ནས་འབྱུང་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་བྱས་ཏེ། འབྱུང་ཁམས་ཡུལ་སྐོར་གྱི་འདུ་ཤེས་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བརྒྱུད་བསྒྲགས་བྱས་ནས། མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་དེ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།

གནས་ནང་ལུང་ཤུར་དུ་འབྱུང་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་གཉིས་ནི་ཆར་པ་ཆུ་གྲོགས་སུ་གྱུར་ཡོད། གནས་འདིའི་གདོད་མའི་རང་བྱུང་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོ་ཞིག་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ད་དུང་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་དང་འབྱུང་ཁམས་རིག་གནས་ཡུལ་སྐོར་ཞིབ་འཇུག་དང་སློབ་སྦྱོང་གི་རྣམ་གྲངས་གསར་གཏོད་བྱས་ནས། ཡུལ་སྐོར་བ་དེ་བས་མང་པོའི་ཡིད་དབང་བཀུག་ཡོད། མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་ཀྱི་ཁྲོད་དུ། གསར་འགོད་པས་མཛེས་སྡུག་ལྡན་པའི་སྲོལ་རྒྱུན་ལྷ་མོའི་རྒྱན་གོས་གྱོན་པའི་འཁྲབ་སྟོན་པ་ཁག་ཅིག་གིས་ལྷ་མོ་འཁྲབ་བཞིན་ཡོད་པ་མཐོང་བྱུང་། ཁོང་ཚོའི་གཞས་གདངས་མཐོ་ལ་སྐད་གསང་མཐོན་པོའི་ཐོག་ནས་རྩལ་ནུས་ཀྱི་རྨང་གཞི་ལེགས་པོ་ཡོད་པ་མངོན་ཐུབ་ལ། ཁོང་ཚོའི་ལུས་ཀྱི་སྟངས་སྟབས་ལ་ལྡེམ་མྱུར་ལྡན་ཞིང་། མཆོང་ལྡིང་བྱེད་པ་དང་། སྐོར་བ་རྒྱག་པ། འགྲེ་ལོག་རྒྱག་པ་བཅས་ནི་ཞབས་བྲོ་འཁྲབ་བཞིན་པའི་ལྷའི་གར་མཁན་ཞིག་དང་འདྲ། སྟངས་སྟབས་ཚང་མ་གནད་ལ་འཁེལ་ཞིང་སྟོབས་ཤུགས་དང་མཛེས་ཉམས་ཀྱིས་ཁེངས་ཤིང་། ལྷ་མོའི་ཁྲོད་ཀྱི་སྣང་བརྙན་དང་། གཤིས་རྒྱུད་ཀྱི་ཁྱད་ཆོས། བརྩེ་དུང་བཅས་མངོན་རྒྱུ་གང་ལེགས་བྱས་ཡོད། ངོ་མཚར་ཆེ་བའི་འཁྲབ་སྟོན་དེས་ཡུལ་སྐོར་བ་ཚོའི་ཡིད་སེམས་དབང་མེད་དུ་འཕྲོག་ཅིང་། གོམ་པ་སྤོ་མཚམས་བཞག་ནས་འཁྲབ་སྟོན་པ་ཚོའི་སྟངས་སྟབས་རེ་རེར་ཞིབ་ཏུ་བལྟས་པ་དང་། མཚམས་རེར་མི་ཚོགས་ཀྱི་ཁྲོད་ནས་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་རང་དབང་མེད་པར་ཡང་ཡང་གྲགས་ཏེ། ལྷ་མོའི་འཁྲབ་སྟོན་གྱི་སྒྲ་དང་མཉམ་དུ་འདྲེས་ནས་གསོན་ཉམས་ལྡན་ལ་ཞི་མཐུན་གྱི་རྣམ་པ་ཞིག་གྲུབ་ཡོད། ལི་དབྱི་ཝང་གིས། ང་ཚོས་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་དང་། ཁྱད་ལྡན་ཡུལ་སྐོར་ལམ་ཐིག་དང་འབྱུང་ཁམས་རིག་གནས་ཡུལ་སྐོར་ཞིབ་འཇུག་དང་སློབ་སྦྱོང་སོགས་ཀྱི་རྣམ་གྲངས་བཏོན་ནས་གནས་ནང་ལུང་ཤུར་གྱི་ཡིད་དབང་འཕྲོག་ཤུགས་དང་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་གི་ཡོད། ང་ཚོས་ཀྱང་མུ་མཐུད་ནས་འབད་བརྩོན་བྱས་ཏེ་སྟོད་ལུང་བདེ་ཆེན་ཆུས་དང་ཐ་ན་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།

ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག སྟོད་ལུང་བདེ་ཆེན་ཆུས་ཀྱིས་ས་གཙང་བདེ་ཐང་དང་། རིག་གནས་ཡུལ་སྐོར། གནོད་མེད་བཟོ་ལས། དེང་རབས་ཟོག་འགྲེམས་བཅས་གཙོ་བོར་བྱས་པའི་དེང་རབས་ཐོན་ལས་མ་ལག་ཅིག་བསྐྲུན་ཡོད། བོད་ལྗོངས་ལིན་ཧྥུང་རིག་ལྡན་ཟོག་འགྲེམས་གླིང་དུ་འབྱོར་སྐབས་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་མིག་ལམ་དུ་འཆར་བྱུང་། ཟོག་འདྲེན་རླངས་འཁོར་ཆེ་གྲས་རྣམས་གྲལ་སྟར་འགྲིག་པོས་མཛོད་ཁང་གི་མདུན་དུ་བསྒྲིགས་ཡོད་པ་དང་། དངོས་ཟོག་དབོར་མཁན་ལས་མི་ཚོས་བྱང་ཆ་ལྡན་པའི་སྒོ་ནས་དངོས་ཟོག་དག་དབོར་འདྲེན་རླངས་འཁོར་ནང་དུ་བླུག་བཞིན་འདུག གླིང་ཁུལ་དེའི་མཛོད་ཁང་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་། དངོས་ཟོག་གྲལ་འགྲིག་པོ་དང་གོ་རིམ་ལྡན་པའི་ངང་བཞག་ཡོད། གནས་འདི་ནི་མཛོད་ཁང་དང་། ཟོག་འགྲུལ་ཚོང་ར། སྡེབ་ཚོང་ཁྲོམ་ར། ཁྱད་ལྡན་ཐོན་ལས་མཉམ་འདུས་ཁུལ། དྲ་ཐོག་ཉོ་ཚོང་ཁུལ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་ཟོག་འགྲེམས་ཁུལ་ཞིག་ཡིན། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཟོག་འགྲེམས་སྦྲེལ་ཐག་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་གླིང་ཁུལ་གྱིས་རིག་ནུས་དོ་དམ་དང་། དྲ་རྒྱའི་ཟོག་འདྲེན། མཁོ་སྤྲོད་སྦྲེལ་ཐག་དཔལ་འབྱོར་བཅས་གཉེར་སྐྱོང་རྨང་གཞིར་བྱས་ཏེ། ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། ཟོག་འགྲེམས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

བོད་ལྗོངས་ལིན་ཧྥུང་རིག་ལྡན་ཟོག་འགྲེམས་ཚད་ཡོད་ཀུང་སིའི་ལས་དོན་པ་ཀྲང་ཞན་དབྱིས། དུས་ཡུན་རིང་པོའི་ནང་ང་ཚོས་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་སྟེ། ཟོག་འགྲེམས་ཀྱི་ཐོན་ཁུངས་གཅིག་བསྡུ་དང་། ཟོག་འགྲེམས་བརྒྱུད་རིམ་ལེགས་སུ་གཏོང་བ། ཟོག་འགྲེམས་ཀྱི་མ་གནས་དམའ་རུ་གཏོང་བ་བཅས་བྱས་པ་བརྒྱུད། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། སླད་ཕྱིན། ང་ཚོས་མུ་མཐུད་ནས་ལས་ཀའི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་བྱས་ཏེ། སྟོད་ལུང་བདེ་ཆེན་ཆུས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།

སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལས་ཀའི་རྩ་དོན་དོན་ཚན་ལྔའི་མཛུབ་ཁྲིད་འོག ཐོན་ལས་ཆེན་པོ་དགུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ནུས་པར་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་གོམ་སྟབས་བརྟན་པོའི་ངང་མདུན་སྐྱོད་བྱས་ཡོད། འབྱུང་ཁམས་དང་ཐོན་ལས་མཉམ་འདྲེས་དང་། རིག་གནས་དང་དཔལ་འབྱོར་མཉམ་འཕེལ། ཁྲིམས་སྐྱོང་དང་བརྟན་ལྷིང་གཞོགས་འདེགས་བཅས་བྱས་ཏེ། སྟོད་ལུང་བདེ་ཆེན་ཆུས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད། མ་འོངས་པར་སྟོད་ལུང་བདེ་ཆེན་ཆུས་འདི་ཉིད་དེ་བས་མཛེས་སྡུག་ལྡན་ཞིང་འཚོ་སྡོད་ལ་འཚམ་པ་དང་། འབྱོར་ཕྱུག་དང་ཤེས་དཔལ་ལྡན་པའི་ཁྱིམ་གཞིས་ཡག་པོ་ཞིག་ཏུ་གྱུར་ནས་གྲོང་གསེབ་དར་རྒྱས་ཀྱི་རླབས་ཆེན་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་དམིགས་བསལ་གྱི་གྲུབ་འབྲས་ཐོབ་པ་དང་རང་ཉིད་ལ་དབང་བའི་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྩམ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-13 6 6 拉萨日报藏文 c190903.html 1 སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལས་ཀའི་རྩ་དོན་ལྔ་རྩ་བར་བྱེད་པ་དང་ཐོན་ལས་ཆེན་པོ་དགུ་རྨང་གཞིར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་ཡག་པོ་ཞིག་བརྩམས་པ། /enpproperty-->