分享按钮

ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྟག་རྩེའི་ས་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།

ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྟག་རྩེའི་ས་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།

(པར་ངོས་དང་པོར་མཐུད)གསར་འགོད་པས་གནང་ར་ཨ་རག་གྲོང་ཚོའི་ཨར་ལས་བྱ་ཡུལ་དུ་མཐོང་བ་ལྟར་ན། རྣམ་གྲངས་དེ་ཚ་ཚ་འུར་འུར་ངང་ཨར་ལས་བྱེད་བཞིན་ཡོད་པ་དང་། ཨར་ལས་བྱ་ཡུལ་དུ་ལྗིད་འདེགས་འཕྲུལ་འཁོར་དང་ཨར་འདམ་གཡོ་བྱེད་འཕྲུལ་འཁོར་སོགས་འཕྲུལ་ཆས་ཆེ་གྲས་ཀྱི་སྒྲ་ལྷང་ལྷང་དུ་གྲགས་བཞིན་ཡོད། ཨར་ལས་མི་སྣས་མགོ་ལ་བདེ་འཇགས་ཞྭ་མོ་གྱོན་པ་དང་། ལུས་ལ་བདེ་སྲུང་ལས་གོས་གྱོན་པ། ལས་བགོས་གསལ་བ། རང་འགན་རང་འཁུར་བཅས་བྱས་ཏེ་ཡུལ་དངོས་སུ་ཚ་ཚ་འུར་འུར་དང་བྲེལ་འཚུབ་ཆེ་བའི་འཛུགས་སྐྲུན་གྱི་རྣམ་པས་ཁེངས་ཡོད་པ་རེད།

ལྷ་ས་གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་ནི་ཐོན་ལས་བོད་སྐྱོར་དང་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ངོས་ནས།ལྷ་ས་གྲོང་ཁྱེར་གྱི་ནས་ཆང་ཐོན་ལས་ཀྱི་གཅིག་སྡུད་ནུས་པ་དང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་མ་ཟད།མཐའ་འཁོར་ཞིང་འབྲོག་པ་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་ཐུབ་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་རེད།རྣམ་གྲངས་དེའི་འཛུགས་སྐྲུན་ནང་དོན་ཁྲོད་ཞིབ་སྤེལ་ལྟེ་གནས་དང་།རྒྱུ་ཆ་ཕལ་པའི་མཛོད།ཆང་བསྙལ་སའི་འཁོར་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ཚུད་ཡོད་པ་དང་དེའི་དམིགས་ཡུལ་ནི་ནས་ཆང་གི་རྒྱུ་ཆ་འདེབས་འཛུགས་དང་།ཞིབ་སྤེལ།ཐོན་སྐྱེད།ཕྱིར་ཚོང་།མ་འཇོག རིག་གནས།ཡུལ་སྐོར་སོགས་ཐོན་ལས་གཞི་གཅིག་ཅན་གྱི་ཐོན་ལས་ཚོགས་པ་ཆེ་གྲས་ཤིག་གཏོད་རྒྱུ་དེ་ཡིན་པ་རེད།

སའི་གོ་ལའི་གླེང་སྣེ་གསུམ་པའི་ཨ་རག་ལས་རིགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལུའུ་ཆི་ཀང་གིས་ལྷ་ས་གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་འཛུགས་སྐྲུན་བྱས་པ་དེས་ས་གནས་འདི་གའི་ཐོན་ལས་གཅིག་སྡུད་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་འབྲེལ་ཡོད་ཁེ་ལས་དང་ཤེས་ལྡན་པ་དེ་བས་མང་བ་དེར་འཛོམས་ནས་ས་གནས་འདི་གའི་དཔལ་འབྱོར་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་ཐེབས་རྒྱུ་དང་།གཞན་ཡང་།རྣམ་གྲངས་དེས་ད་དུང་ཞིང་ལས་དང་།བཟོ་ལས།ཞབས་ཞུའི་ལས་རིགས་བཅས་ཕན་ཚུན་མཉམ་འདྲེས་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་དང་།ས་གནས་འདི་གའི་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་དཔལ་འབྱོར་གྱི་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་རེད།རྣམ་གྲངས་དེ་བསྐྲུན་རྗེས་ཐོན་ནུས་ཏུན་5000ལྡན་པའི་ཨ་རག་དཀར་པོ་ཐོན་སྐྱེད་ཐུབ་རྒྱུ་དང་ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར་10ཟིན་རྒྱུ་དང་ཆབས་ཅིག་ས་གནས་འདི་གའི་མི་གྲངས་500ལྷག་ཙམ་གྱི་ལས་ཞུགས་ཀྱི་ལས་གནས་ཐག་གཅོད་ཐུབ་རྒྱུ་རེད་ཅེས་བཤད།

ལྷ་ས་གནང་ར་ཨ་རག་གྲོང་ཚོས་སྟག་རྩེ་ཆུས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་ཐོན་རྫས་ཀྱི་སྤུས་ཚད་དང་སྤུས་རྟགས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།དེང་རབས་ཀྱི་ཨ་རག་སྙོལ་བའི་ལག་རྩལ་དང་ཚོང་གཉེར་འདུ་ཤེས་ནང་འདྲེན་བྱས་པ་བརྒྱུད།གནང་ར་ཨ་རག་གྲོང་ཚོའི་ཐོན་རྫས་ལ་དུས་རབས་ཀྱི་ནང་དོན་གསར་པ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ལྡན་ཡོད།གནང་ར་ཨ་རག་གྲོང་ཚོ་བདེ་བླག་ངང་ཕྱོགས་སྒྱུར་བྱས་པ་དེས་སྟག་རྩེ་ཆུས་ཀྱི་སྲོལ་རྒྱུན་ཐོན་ལས་ཀྱི་རིམ་སྤོར་དང་འཕེལ་རྒྱས་ཐད་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད།དེ་དང་ཆབས་ཅིག་སྟག་རྩེ་ཆུས་ཀྱི་གླིང་གའི་དཔལ་འབྱོར་ལའང་སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་སྐྱེ་སྟོབས་གསར་པ་འཕེལ་ཞིང་།ཉེ་བའི་ལོ་ཤས་རིང་།སྟག་རྩེ་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་དང་ཐོན་ལས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་།མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གཏོད་རྒྱུ་གཞི་རྟེན་དུ་བྱས་ནས་གླིང་ཁའི་དཔལ་འབྱོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།2023ལོར་སྟག་རྩེ་ཆུས་ཀྱིས་གྲོང་གསེབ་ཏུ་གླིང་ག་གཏོང་མཁན་མི་ཐེངས་ཁྲི་25ལ་སྣེ་ལེན་ཞུས་ནས་གླིང་ག་བཏང་བའི་སྤྱིའི་ཡོང་འབབ་སྒོར་ཁྲི་850.83ཟིན་པ་དང་།དེའི་ནང་ས་ཁུལ་གྱི་གླིང་ག་གཏོང་མཁན་མང་ཚོགས་མི་ཐེངས་ཁྲི་2ལྷག་ཙམ་ཟིན་པ་དང་།ཆ་སྙོམས་ཟླ་རེར་འབབ་འཕར་སྒོར་ཁྲི་0.35(ཟླ་5པ་ནས་10པའི་བར)ཟིན་ཡོད་པ་རེད།གླིང་གའི་དཔལ་འབྱོར་བདེ་བླག་ངང་ཕྱོགས་སྒྱུར་བྱས་པ་དེས་སྟག་རྩེ་ཆུས་ལ་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་མ་ཟད།སྲོལ་རྒྱུན་ཐོན་ལས་གཞན་དག་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་ཡང་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད།

སྟག་རྩེ་ཆུས་ཨུད་ཀྱི་རྒྱུན་ཨུ་དང་ཆུས་ཀྲང་གཞོན་པ་ཝང་ཆིང་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་ཤར་རླུང་དང་བསྟུན་ནས།སྟག་རྩེ་ཆུས་ཀྱིས་ཐོག་མཐའ་བར་གསུམ་ལྔར་དམིགས་པ་དང་།རྩ་དོན་ལྔ་མཐའ་འཁྱོངས།འབྲེལ་ཆ་ལྔར་སྟངས་འཛིན་བཅས་བྱས་པ་དང་།སྟག་རྩེ་ཆུས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཞིབ་ཕྲའི་བྱ་ཐབས་གཏིང་ཟབ་དང་ཞིབ་ཕྲའི་ངང་སྔར་བས་གཏིང་ཟབ་ཏུ་བཏང་སྟེ།བཅད་ཁ་ཆུང་ཆུང་ལ་བརྟེན་ནས་གཏིང་ཟབ་ཆེ་མོར་སྐུལ་འདེད་གཏོང་བ་དང་།དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བའི་ལས་འགན་རེའུ་མིག་དང་ལམ་ཐིག་རི་མོ་གསལ་པོར་བཟོས་ཏེ།ཐོན་ལས་ཆེན་པོ་དགུ་མགྱོགས་མྱུར་སྐྱེད་སྲིང་དང་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་འགོ་འཛུཊ་ས་གསར་པ་བཏོད་ཡོད།ཝང་ཆིང་ཆིང་གིས་འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་སྟག་རྩེ་ཆུས་ཀྱི་དཔལ་འབྱོར་བརྟན་པོའི་ཁྲོད་འཕེལ་རྒྱས་ཕྱིན་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་17.96ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་9འཕར་བ་དང་།གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་23.79ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་112འཕར་བ།གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4.31ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་བརྒྱ་ཆ་5.5འཕར་བ།ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར་14.56ལེགས་གྲུབ་ཟིན་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་བརྒྱ་ཆ་97.06ལེགས་གྲུབ་བྱུང་བ།སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་5.4ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་28.57འཕར་ཡོད་པ་རེད།ཕྱིས་འབྱུང་།ང་ཚོས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་།ཐོན་ལས་སྟོབས་ཆེའི་ཆུས་ལ་དམིགས་ཏེ།ཐོན་ལས་ཀྱི་རིམ་པ་རྒྱ་ཆེར་གཏོང་བ་དང་ཐོན་ལས་ཀྱི་ནུས་རིམ་མཐོ་རུ་གཏོང་རྒྱུ་ཡིན།ལྗོན་ཤིང་རྙིང་པར་ཡལ་ག་གསར་པ་རྒྱས་པ་ལྟ་བུའི་ལས་དོན་ཡག་པོ་བསྒྲུབས་ནས་སྲོལ་རྒྱུན་གྱི་ཐོན་ལས་མགྱོགས་མྱུར་རིམ་སྤོར་བྱ་རྒྱུ་དང་།ལྗོན་ཤིང་གསབ་འཛུགས་ཀྱིས་ནགས་གླིང་གྲུབ་པ་ལྟ་བུའི་ལས་དོན་ཡག་པོ་བསྒྲུབས་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱ་རྒྱུ།ཤིང་སོན་གསོ་སྐྱོང་གིས་ལྕང་མྱུག་ལ་སྒྱུར་བ་ལྟ་བུའི་ལས་དོན་ཡག་པོ་བསྒྲུབས་ནས་གསར་དར་ཐོན་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་།དུས་མཚུངས་སྟག་རྩེ་ཆུས་ཀྱིས་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ཏེ།ས་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད།གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱེད་པ་དང་།ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱ་ཐབས་ལག་ལེན་བསྟར་བ་བརྒྱུད།སྟག་རྩེ་ཆུས་ཀྱིས་གྲངས་འཛིན་དཔལ་འབྱོར་དང་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱིས་གཙོ་ཁྲིད་བྱེད་པའི་གསར་དར་ཐོན་ལས་ཀྱི་མ་ལག་ཅིག་རིམ་བཞིན་སྐྲུན་བཞིན་ཡོད་པ་རེད།གསར་དར་ཐོན་ལས་དེ་དག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེས་སྟག་རྩེ་ཆུས་ལ་དཔལ་འབྱོར་གྱི་འཕར་གཞི་གསར་པ་བྱུང་བར་མ་ཟད།ས་ཁོངས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཡང་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།རིག་ནུས་ཁྱིམ་ཆས་ཐོན་ལས་གླིང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་།ལྷ་ས་གནང་ར་ཨ་རག་གྲོང་ཚོ་དང་གླིང་གའི་དཔལ་འབྱོར་གྲ་རྒྱས་སུ་ཕྱིན་པ།གསར་དར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་བཅས་གང་ཞིག་ཡིན་རུང་ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཀྱི་སྟག་རྩེ་ཆུས་ཀྱི་ཆོད་སེམས་བརྟན་པོ་དང་གྲུབ་འབྲས་མངོན་གསལ་དོད་པོ་གང་ལེགས་མངོན་ཡོད་པ་རེད།(དཔལ་སྐྱབས་རྒྱལ་དང་བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-12 6 6 拉萨日报藏文 c190881.html 1 ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྟག་རྩེའི་ས་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། /enpproperty-->