分享按钮

(པར་ངོས་དང་པོར་མཐུད)ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱ་རྒྱུ་ལྟེ་བར་འཛིན་པའི་ལས་ཀའི་བྱེད་ཕྱོགས་དང་སྤུས་ཚད་ལ་བརྟེན་ནས་ལས་རིགས་དར་བ་དང་། སྤུས་ཚད་ལ་བརྟེན་ནས་སྤུས་རྟགས་དར་སྤེལ། ཡིད་རྟོན་ལ་བརྟེན་ནས་སྤུས་རྟགས་སྲུང་སྐྱོབ་བཅས་ཀྱི་སྤུས་རྟགས་འཛུགས་སྐྱོང་གི་འདུ་ཤེས་བརྟན་པོར་བཙུགས་ནས། སྤུས་ཚད་ནི་གཞན་མཐའ་དག་ལས་ལྷག་པའི་ལམ་ལུགས་ཡུན་རིང་ཁྱབ་གདལ་དུ་བཏང་སྟེ། སྤུས་ཚད་ཀྱི་འགག་སྒོ་ནན་པོར་བསྲུངས་ཞིང་། སྨན་རྫས་ཐོན་སྐྱེད་དང་། སྤུས་ཚད། བདེ་འཇགས་དོ་དམ་སོགས་ཀྱི་ཐད་དོ་དམ་དང་སྤུས་ཚད་ཨང་དང་པོར་འཇོག་ཐུབ་པར་བྱུང་ཡོད།

ཀུང་སི་དེའི་སྤུས་ཚད་དོ་དམ་ལྟེ་གནས་ཀྱི་ཁ་སྤྲོད་ཀྱི་ཐོན་སྐྱེད་དོ་དམ་ལྟེ་གནས་སུ་བོད་ཀྱི་རྒྱུ་ཆ་སྤུས་ལེགས་ངོ་མ་ལེགས་འདེམས་བྱེད་པ་དང་འབྲེལ་བོད་ལུགས་གསོ་རིག་དང་གསོ་བ་རིག་པའི་རྩ་བའི་རིག་པ་གཞིར་བཟུང་སྲོལ་རྒྱུན་གྱི་བོད་སྨན་སྦྱོར་སྡེབ་དང་ལས་སྣོན་གྱི་དམིགས་བསལ་བཟོ་རྩལ་ལྟར་ཐོན་སྐྱེད་བྱེད་པ་དང་། དེང་རབས་ཀྱི་སྔོན་ཐོན་ཐོན་སྐྱེད་སྒྲིག་ཆས་དང་ཟུང་འབྲེལ་བྱས་ནས་གཞོང་པ་ལྷ་ཆུའི་བོད་སྨན་སྤུས་རྟགས་སུ་བྱས་པའི་བོད་སྨན་རིགས་100ལྷག་ཙམ་ཐོན་སྐྱེད་བྱེད་པ་དང་འབྲེལ་གཉེར་སྐྱོང་བྱེད་ཀྱི་ཡོད་ཅིང་། མིག་སྔར། ལོ་རེར་ཐོན་སྐྱེད་བྱེད་ཚད་སྤྱི་རྒྱ་ཁྲི་6ལྷག་ཙམ་ཟིན་གྱི་ཡོད་པ་རེད།

བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཚེ་དབང་རྣམ་རྒྱལ་གྱིས་ང་ཚོའི་ཀུང་སི་ནི་བོད་རང་སྐྱོང་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆོག་འཐུས་ཡི་གེ་དང་རྩ་ཆེའི་བོད་སྨན་གྱི་ཁེ་དབང་བདག་ཐོབ་ཀྱི་ཐོན་རྫས་ཡོད་པའི་བོད་སྨན་ཐོན་སྐྱེད་ཁེ་ལས་ཤིག་ཡིན། ང་ཚོའི་ཐོན་རྫས་རྩེ་གྲ་བྱུ་དམར་བདུན་བཅུ་འདི་ཉིད་ཀྲུང་གོ་མི་རིགས་གསོ་རིག་སློབ་ཚོགས་རིགས་གཅིག་མཁས་ཅན་ཨུ་ལྷན་གྱིས་འོས་སྦྱོར་བྱས་པའི་ཐོན་རྫས་ཤིག་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་སྤུས་ལེགས་གྲགས་ཅན་ཐོན་རྫས། བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་སྣ་ཁ་རྩེ་གྲ་ཁག་དང་པོའི་མིང་ཐོའི་གྲས་སུ་བདམས་པ། བྱུ་དམར་བདུན་བཅུའི་སྦྱོར་རྟའི་ལག་རྩལ་ཡང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག་ཡོད་ཅེས་བཤད།

ཀུང་སིས་དཔལ་འབྱོར་གྱི་ཕན་འབྲས་ཧུར་ཐག་གཉེར་བ་དང་དུས་མཚུངས་སྤྱི་ཚོགས་ཀྱི་འགན་འཁྲི་རང་རྟོགས་ངང་སྒྲུབ་ཀྱི་ཡོད་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ལ་སེམས་རྩ་འཁོལ་པོ་བྱེད་པ། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ལ་ཞལ་འདེབས་རྒྱག་པ་དང་རོགས་རམ་ཧུར་ཐག་བྱེད་པ་དང་འབྲེལ་ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བ་དང་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི་གནད་སྨིན་དབུལ་སྐྱོར་བྱ་སྤྱོད་དོན་འཁྱོལ་བྱས་ནས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་ལེན་བསྟར་བ་དང་། རང་འགུལ་ངང་སྤྱི་ཚོགས་ལ་དྲིན་ལན་ཧུར་ཐག་འཇལ་གྱི་ཡོད། ཞིང་འབྲོག་པའི་བུ་ཕྲུག་དང་། ལས་སྒུག་གཞོན་ནུ། དེ་བཞིན་སློབ་ཆེན་ཐོན་པའི་སློབ་མ་བཅས་དེ་བས་མང་བར་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་ཡོད་ཅིང་། ཀུང་སིས་ཞིང་འབྲོག་པའི་བུ་ཕྲུག་དང་། ལས་སྒུག་གཞོན་ནུ། དེ་བཞིན་སློབ་ཆེན་ཐོན་པའི་སློབ་མ་བཅས་མི་གྲངས་165ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད།

བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་ཚད་ཡོད་ཀུང་སིའི་སྤུས་ཚད་པུའི་ཞིབ་དཔྱད་པ་བདེ་དགའ་སྒྲོལ་མས་ང་བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཆེན་ནས་སློབ་ཐོན་བྱས་པ་དང་། 2020ལོར་ལས་ཀར་ཞུགས་པ་ཡིན། ཁེ་ལས་ཀྱིས་ང་ཚོར་ལས་ཀ་བརྟན་པོ་དང་འཕེལ་རྒྱས་ཀྱི་ལས་སྟེགས་ཡག་པོ་ཞིག་མཁོ་འདོན་བྱས་པ་མ་ཟད།གླ་ཕོགས་ཀྱང་མཐོ་པོ་འདུག་ཅེས་བཤད།

བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་ཚད་ཡོད་ཀུང་སིའི་ལས་དོན་པ་ཐུབ་བསྟན་སྐལ་བཟང་གིས་ངའི་ཁྱིམ་ནི་སྟོད་ལུང་བདེ་ཆེན་ཆུས་སུ་ཡོད། མ་གཞི་སློབ་གྲྭ་ཆེན་མོར་འགྲོ་མྱོང་མེད་ཀྱང་ཀུང་སིའི་འགོ་ཁྲིད་ཀྱི་རོགས་རམ་དང་ཐུགས་ཁུར་འོག་ང་འདི་གར་ལས་ཀ་ལོ་14བྱས་པ་དང་ཐོབ་ཐང་ཡང་ཡག་པོ་ཡོད། ང་ཚོའི་ཀུང་སིའི་ལས་བཟོ་བ་མང་ཆེ་བ་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཉེ་འཁོར་གྱི་མང་ཚོཊ་ཡིན་པ་དང་། དུས་རྒྱུན་འགོ་ཁྲིད་ཀྱིས་ང་ཚོའི་ལས་མིར་ལྟ་རྟོག་ཡག་པོ་གནང་གི་ཡོད་པ་དང་ང་ཚོར་ཡང་ཕྱོགས་གང་ཐད་ཀྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུའི་ཡིད་ཆེས་ཀྱང་ཡོད་ཅེས་བཤད།

ད་ཆ། དམངས་གཉེར་དཔལ་འབྱོར་ཁྲོམ་རའི་བྱེད་པོས་བརྒྱ་ཆ་90ཡན་བཟུང་བ་དང་། དམངས་གཉེར་དཔལ་འབྱོར་གྱིས་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་GDPཡི་བརྒྱ་ཆ་35ཡན་བཟུང་བ། ཁྲལ་འབབ་ཀྱི་བརྒྱ་ཆ་80ཡན་བཟུང་བ། ལས་ཞུགས་ཐུབ་ཚད་བརྒྱ་ཆ་80ཡན་ཟིན་པ་བཅས་ལས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་དང་། ཕྱོགས་སྒྱུར་རིམ་སྤོར་གྱི་སྣེ་ཁྲིད་དམག གསར་གཏོད་ལས་གཏོད་ཀྱི་གཡུལ་ས་གཙོ་བོ། ཐུན་མོང་ཐོག་ཕྱུག་འགྱུར་གྱི་སྔོན་སྐྱོད་བརྒྱ་ཤོག་བཅས་སུ་གྱུར་ཡོད་པ་རེད། བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་ཚད་ཡོད་ཀུང་སི་ནི་སྒྱུར་བཅོས་སྒོ་དབྱེའི་དུས་བབ་བཟང་པོའི་འོག་ཁྲོམ་རའི་དཔལ་འབྱོར་ཟམ་མི་ཆད་པར་གོང་འཕེལ་འགྲོ་བའི་གོམ་སྟབས་དང་བསྟུན་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་དར་སྤེལ་བཏང་ནས་མང་ཚོགས་ལ་སྤུས་ལེགས་ཀྱི་བོད་སྨན་ཐོན་རྫས་མཁོ་འདོན་བྱས་ཐོག་མིའི་རིགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བ་དང་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དེ་བཟོ་གྲྭ་གཉེར་བའི་དམིགས་ཡུལ་དུ་འཛིན་གྱི་ཡོད། ལོ་མང་རིང། ཀུང་སིར་སྤྱི་ཚོགས་དང་། དཔལ་འབྱོར་གྱི་ཕན་འབྲས། ལས་ཀའི་གྲུབ་འབྲས་བཅས་མངོན་གསལ་དོད་པོ་ཐོབ་པར་བརྟེན་རྒྱལ་ཡོངས་ཀྱི་སྤུས་ཚད་ལས་དོན་གྱི་སྔོན་ཐོན་ཚན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་སྤུས་ཚད་མཚན་སྙན་AAAརིམ་པའི་ཁེ་ལས། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ལ་རོགས་སྐྱོར་ཧུར་ཐག་བྱེད་པའི་སྔོན་ཐོན་ཚན་པ། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཁྲལ་འཇལ་སྔོན་ཐོན་ཚན་པ། ཁྲལ་འཇལ་དུད་ཆེན་སོགས་ཀྱི་མཚན་སྙན་ཐོབ་པར་མ་ཟད། རང་ཉིད་ཀྱི་ཁྱད་ཆོས་ལྡན་པ་དང་ཐོན་རྫས་ཡོད་པའི་ཁར་ཚན་ཞིབ་གསར་སྤེལ་དང་། ཐོན་སྐྱེད། བྲིན་ཚོང་། སྨན་བཅོས་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་སྲོལ་རྒྱུན་གྱི་བོད་སྨན་ཁེ་ལས་ཀྱི་དཔེ་མཚོན་ཞིག་ཏུ་འཕེལ་རྒྱས་ཕྱིན་ཡོད།

ཚེ་དབང་རྣམ་རྒྱལ་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་སྲིད་གཞུང་གིས་དམངས་གཉེར་དཔལ་འབྱོར་ལ་ཐུགས་ཁུར་བྱས་ནས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཏེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། ང་ཚོར་དགའ་འོས་པའི་གྲུབ་འབྲས་ཐོབ་པར་ཏང་གི་སྲིད་ཇུས་བཟང་པོ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་ཚན་པ་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བ་དང་ཁ་འབྲལ་ཐབས་མེད། ན་གཞོན་ཁེ་ལས་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་དུས་རབས་འཕེལ་རྒྱས་ཀྱི་གཙོ་དོན་ལ་དམ་པོར་དམིགས་ཏེ་རང་རྟོགས་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་རྒྱུ་དང་། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-12 6 6 拉萨日报藏文 c190871.html 1 /enpproperty-->