ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བརྗིད་ཆེའི་འཆར་གཞི་དང་འགྱུར་མེད་ཀྱི་དུང་བརྡར་བརྟེན་ནས་སྟག་རྩེ་ཆུས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་གོམ་སྟབས་བརྟན་པོའི་སྒོ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་ཡོད། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་སྟག་རྩེ་ཆུས་ཀྱི་དཔལ་འབྱོར་ལ་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་ཐོན་པ་དང་དཔལ་འབྱོར་གྱི་དམིགས་ཚད་ཁག་མངོན་གསལ་དོད་པོས་འཕར་ནས་སྟག་རྩེ་ཆུས་ཀྱི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
སྟག་རྩེའི་རིག་ལྡན་ཁྱིམ་ཆས་ཐོན་ལས་གླིང་དེ་སྟག་རྩེ་ཆུས་ཀྱིས་སྐྱེད་སྲིང་ཧུར་ཐག་བྱེད་པའི་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་རིམ་གྱིས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་འགྱུར་བཞིན་ཡོད་པ་རེད། གསར་སྐྲུན་བྱེད་བཞིན་པའི་སྟག་རྩེ་རིག་ལྡན་ཁྱིམ་ཆས་ཐོན་ལས་གླིང་དུ་སྐྱོད་སྐབས། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་ཐོན་ལས་ཀྱི་རྣམ་པ་ཞིག་རིམ་གྱིས་མངོན་བཞིན་ཡོད། མཛོད་ཁང་ཆེན་མོ་དང་བཟོ་ཁང་ཁག་ཀྱང་གང་སར་བསྐྲུན་ཡོད་པ་རེད། རྣམ་གྲངས་དེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བཏོན་པའི་རྩ་དོན་ལྔ་དང་ཐོན་ལས་ཆེན་པོ་དགུའི་འཕེལ་རྒྱས་འཐབ་ཇུས་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད། རྩ་དོན་ལྔའི་ཐད་ནས་རྣམ་གྲངས་དེས་འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་གཏོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འབྱུང་འཕྲོད་དང་། ཐཱན་ཉུང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་བཟོ་རྩལ་དང་སྒྲིག་ཆས་ཁྱབ་གདལ་དང་བེད་སྤྱོད་བྱས་ཏེ་དྭངས་གཙང་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་བཏང་བ་དང་། ཐོན་ལས་ཆེན་པོ་དགུའི་ཐད་ནས་རྣམ་གྲངས་དེ་འབྱུང་འཕྲོད་བཟོ་ལས་ཐོན་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལྷ་ས་གྲོང་ཁྱེར་གྱི་ཁྱིམ་ཆས་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་།ཐོན་ལས་རིམ་སྤོར་གཞན་སྒྱུར་ལ་སྐུལ་འདེད་ཐེབས་རྒྱུ་རེད།
བོད་ལྗོངས་ཧུའུ་ཧྥུང་གྲོང་ཁྱེར་འཛུགས་སྐྲུན(ཚོགས་པ)ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་བོད་ལྗོངས་ཀྲེན་ཅིན་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བཀྲ་ཤིས་རྡོ་རྗེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། རྣམ་གྲངས་ཚོང་འགུགས་བྱེད་རིང་སྔོན་ཐོན་གྱི་ཤིང་ཆ་ལས་སྣོན་དང་ཁྱིམ་ཆས་བཟོ་སྐྲུན་ལག་རྩལ་ནང་འདྲེན་བྱས་ནས་ཐོན་ལས་ལག་རྩལ་གྱི་ཆུ་ཚད་དང་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་བཏང་སྟེ་ཁྱིམ་ཆས་ཐོན་རྫས་རྩེར་སོན་ཅན་དང་། རིག་ནུས་ཅན། རང་གཤིས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་རྒྱུ་དང་། ཆ་ཚང་བའི་ཁྱིམ་ཆས་ཐོན་ལས་འཁོར་འབྲེལ་འཛུགས་པ་དང་། ཐོན་ལས་ཁྱུ་ཚོགས་ཀྱི་ཕན་ནུས་ཆགས་པར་བྱས་ཏེ་ཁྱོན་ཡོངས་ཀྱི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་དགོས། རྣམ་གྲངས་འཁོར་སྐྱོད་བྱེད་རིང་འབྱུང་འཕྲོད་རྒྱུ་ཆ་དང་ཐོན་སྐྱེད་བཟོ་རྩལ་ཁྱབ་གདལ་གཏོང་བ་དང་། ནུས་རྒྱུ་ཟད་གྲོན་དང་བཙོག་འབུད་ཉུང་དུ་གཏོང་བ། ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐོན་ལས་མུ་མཐུད་འཕེལ་རྒྱས་འགྲོ་ཐུབ་པར་བྱ་རྒྱུ་རེད། ཐོན་ལས་གླིང་འཛུགས་སྐྲུན་དང་གཉེར་སྐྱོང་གི་བརྒྱུད་རིམ་ཁྲོད་མ་འཇོག་གི་ཡིད་དབང་འགུགས་པ་དང་། ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ། ས་གནས་ནོར་སྲིད་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་མ་ཟད། ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་དང་ས་གནས་དེ་གའི་གྲོང་མིའི་ཡོང་འབབ་ཀྱི་ཆུ་ཚད་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རེད།
སྟག་རྩེའི་རིག་ལྡན་ཁྱིམ་ཆས་ཐོན་ལས་གླིང་གི་རྣམ་གྲངས་དེ་ནི་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། དེ་བཞིན་སྟག་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་བཅས་ཀྱིས་སྤུས་ཚད་མཐོ་བའི་ཁྱིམ་ཆས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ་དང་། ཁྱིམ་ཆས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཆོག་མཆན་སྤྲད་ནས་བསྐྲུན་པ་ཞིག་ཡིན་ལ་2024ལོའི་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ཤིག་ཀྱང་ཡིན་པས་བརྟན་པོའི་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། རྣམ་གྲངས་དེ་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་བསམ་གྲུབ་གླིང་གྲོང་ཚོར་གནས་པ་དང་། སའི་རྒྱ་ཁྱོན་ལ་མུའུ་203ཡོད་པ་དང་། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་194964.14དང་། ཁྱོན་མ་དངུལ་སྒོར་ཁྲི་78051.03བཏང་ཡོད་པ་རེད། འཛུགས་སྐྲུན་གྱི་ཐད་ཚད་ལྡན་ཅན་གྱི་བཟོ་ཁང་8དང་ཞོར་གཏོགས་སྒྲིག་བཀོད་སྣ་ཚོགས་ཚུད་ཡོད། དེའི་དམིགས་ཡུལ་ནི་ཐོན་སྐྱེད་དང་། ཞིབ་འཇུག་གསར་སྤེལ། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཁྱིམ་ཆས་ཐོན་ལས་གླིང་ཞིག་གཏོད་ཆེད་ཡིན་པ་རེད།
སྟག་རྩེའི་རིག་ལྡན་ཁྱིམ་ཆས་ཐོན་ལས་གླིང་གི་རྣམ་གྲངས་ཀྱི་ཅིང་ལི་ཏེང་ཤིན་ཀུའེ་ཡིས་རྣམ་གྲངས་བསྐྲུན་རྗེས་སྤྱི་ཚོགས་ཅན་དང་། ཆེད་ལས་ཅན། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་ཀྱི་དེང་རབས་ཅན་གྱི་ཁྱིམ་ཆས་ཐོན་ལས་གླིང་ཞིག་ཏུ་འགྱུར་རྒྱུ་ཡིན་པས་ལྷ་ས་གྲོང་ཁྱེར་གྱི་ཁྱིམ་ཆས་ཐོན་ལས་གཅིག་སྒྲིལ་དང་། སྣ་ཁ་མང་བ། བཟོ་ལྟ་ཉིན་བཞིན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་དེ་སྔ་དང་བསྡུར་ན་འཛད་སྤྱོད་པར་གདམ་ག་དེ་བས་མང་བ་ཡོད་ཅེས་བཤད།
ལྷ་ས་གནང་ར་ཨ་རག་གྲོང་ཚོ་དང་གླིང་གའི་དཔལ་འབྱོར་དེ་སྟག་རྩེ་ཆུས་ཀྱི་སྲོལ་རྒྱུན་ལེགས་ཆའི་ཐོན་ལས་ཀྱི་དཔེ་མཚོན་ཡིན་པའི་ཆ་ནས་ལྷ་ས་གནང་ར་ཨ་རག་གྲོང་ཚོ་དང་གླིང་གའི་དཔལ་འབྱོར་གཉིས་ཀྱིས་སྲོལ་རྒྱུན་ནས་དེང་རབས་བར་གྱི་འགྱུར་ལྡོག་ཆེན་པོ་མཚོན་བཞིན་ཡོད་པ་རེད། ལྷ་ས་གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་དེ་ཅང་སུའུ་ཡི་བོད་སྐྱོར་ཁྲོད་ནང་འདྲེན་བྱས་པའི་ཐོན་ལས་ཅན་གྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་ངོས་ནས་2023ལོའི་ཟླ་8པར་ལས་འགོ་བཙུགས་པ་ནས་བཟུང་ད་ལྟའི་བར་བརྟན་པོའི་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། རྣམ་གྲངས་དེ་ནི་དབྱང་ཧོ་མ་རྐང་གིས་སྣེ་ཁྲིད་དེ་ས་གོ་ལའི་གླིང་སྣེ་གསུམ་པའི་ཐོན་ལས་དང་ལྷ་སའི་ས་གཙང་དང་མཉམ་དུ་མ་དངུལ་བཏང་ནས་བསྐྲུན་པ་ཞིག་ཡིན་པ་དང་། སའི་རྒྱ་ཁྱོན་ལ་མུའུ་167ཡོད་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་10བཏང་ཡོད་པ་རེད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社