ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་5ཉིན། ལྷ་སར་2024ལོའི་གངས་དང་པོ་དེ་བབས་ཤིང་། གསར་འགོད་པས་རྡོ་སེང་གེ་ལམ(གླིང་སྐོར་བྱང་ལམ་ནས་ཅང་སུའུ་ལམ་གྱི་ལམ་མདོའི་བར)གྱི་ཨར་ལས་བྱ་ཡུལ་ནས་ལམ་ངོས་འདིང་བའི་ལས་དོན་སྔར་བཞིན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་མཐོང་བྱུང་།
ཨར་ལས་བྱེད་མཁན་ཕྱོགས་ཀྱིས་ཟླ་10ཚེས་15ཉིན་ནས་བཟུང་རྡོ་སེང་གེ་ལམ(གླིང་སྐོར་བྱང་ལམ་ནས་ཅང་སུའུ་ལམ་གྱི་ལམ་མདོའི་བར)དུ་ཕྱོགས་གཉིས་པོའི་ཨར་ལས་བྱེད་འགོ་ཚུགས་པ་རེད། མིག་སྔར། ལམ་དུམ་དེ་དུམ་བུ་གསུམ་ལ་དབྱེ་ནས་དུས་གཅིག་ཏུ་ཨར་ལས་བྱེད་བཞིན་ཡོད། ཨར་ལས་བྱ་ཡུལ་དུ་ཆར་པ་སིམ་སིམ་དུ་བབ་ཀྱང་ལས་དོན་པའི་ཨར་ལས་ཀྱི་མྱུར་ཚད་ལ་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་མེད། ཨར་ལས་བྱེད་མཁན་ཚོས་ལས་གོས་མཐུག་པོ་རེ་གྱོན་ནས་འཕྲུལ་ཆས་ཀྱི་འུར་སྒྲའི་ཁྲོད་དུ་བྲེལ་བྲེལ་འཚུབ་འཚུབ་ངང་ལས་ཀ་བྱེད་བཞིན་འདུག གནམ་གཤིས་གྲང་ངར་ཆེ་ན་ཡང་ཁོང་ཚོས་སྔར་བཞིན་སྙིང་རུས་ཆེན་པོས་ཨར་ལས་འཕྲུལ་ཆས་སྣ་ཚོགས་བེད་སྤྱད་ནས་ལམ་ངོས་འདིང་བཞིན་ཡོད།
ལས་གྲྭའི་སྤུས་ཚད་ལ་འགན་ལེན་བྱ་ཆེད། ཨར་ལས་ཕྱོགས་ཀྱིས་ལམ་དུམ་ཁག་གི་གནས་ཚུལ་མི་འདྲ་བར་གཞིགས་ནས་ཚན་རིག་དང་མཐུན་པའི་ཨར་ལས་ཇུས་གཞི་བཟོས་ཡོད། རྡོ་སེང་གེ་ལམ་གྱི་སྔར་ཡོད་ལམ་ངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ། ཨར་ལས་རུ་ཁག་གིས་སྔོན་ལ་ལམ་ངོས་རྙིང་པར་གཙང་སེལ་དང་ཉམས་གསོ་བྱས་རྗེས་ལམ་ངོས་ཀྱི་རྒྱུ་ཆ་གསར་རྐྱང་འདིང་འགོ་ཚུགས། ལམ་ངོས་ཀྱི་རྒྱུ་ཆ་གསར་པར་དེ་བས་བརྡར་བཟོད་རང་བཞིན་དང་འདྲེད་འགོག་རང་བཞིན་ལྡན་པས་འགྲོ་ལམ་གྱི་སྤྱོད་ཡུན་དང་འཁོར་རིགས་ཀྱི་བདེ་འཇགས་ལེགས་སུ་གཏོང་ཐུབ། མིག་སྔར། ལམ་དུམ་བུ་དེའི་ནུབ་ངོས་ཀྱི་ཕྱོགས་རྐྱང་པའི་འཁོར་ལམ་སྔར་བཞིན་རྒྱུན་གཏན་ངང་ཤར་གཏོང་ཐུབ་ནས་འགྲོ་འོང་བྱེད་མཁན་དང་རླངས་འཁོར་གྱི་གཞི་རྩའི་འགྲོ་སྐྱོད་ལ་འགན་ལེན་བྱེད་ཐུབ་ཀྱི་ཡོད།
རྡོ་སེང་གེ་ལམ་གྱི་ཨར་ལས་བྱ་ཡུལ་གྱི་འགན་འཁུར་བ་ཀྲང་ཅན་གྱིས། མིག་སྔར། རྡོ་སེང་གེ་ལམ་གྱི་ལམ་ངོས་འདིང་བའི་ཨར་ལས་བྱེད་འགོ་ཚུགས་པ་དང་། ང་ཚོས་ཀྱང་གནམ་གཤིས་ཀྱི་ཤུགས་རྐྱེན་ངན་པར་ཁྱད་བསད་ཧུར་ཐག་བྱས་ཏེ། མི་སྣ་སྒྲིག་འཛུགས་ཀྱིས་ཆུ་ཚོད་24རིང་ཨར་ལས་བྱེད་བཞིན་ཡོད་ལ། ཨར་ལས་བྱེད་རིང་བྱེད་ཐབས་སྣ་མང་སྤྱད་དེ་ཉེ་འཁོར་གྱི་གྲོང་མིའི་ཕྱིར་སྐྱོད་ལ་ཤུགས་རྐྱེན་མི་ཐེབས་པ་ཡང་བྱེད་ཀྱི་ཡོད། སྔོན་དཔག་བྱས་ན་ཟླ་འདིའི་ཟླ་དཀྱིལ་དུ་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་རེད་ཅེས་བཤད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社