分享按钮

བོད་ལྗོངས་ཡུང་ལན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིར་སྐབས་བཞི་པའི་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་དོ་དམ་གྱི་ཕུལ་བྱུང་བྱ་དགའ་ཐོབ་པ།

​ཐོན་རྫས་ཀྱི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་གྱི་སྲིད་གཞུང་གི་སྤུས་ཚད་བྱ་དགའ་ནི་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་ཁྱབ་ཁོངས་ཀྱི་གཟི་བརྗིད་མཚན་སྙན་ཆེ་ཤོས་ཡིན་པ་དང་། གཙོ་བོ་དོ་དམ་གསར་གཏོད་དང་། སྤུས་རྟགས་འཛུགས་སྐྲུན། སྤུས་ཚད་མཐོར་གཏོང་སོགས་ཀྱི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཕུལ་བྱུང་གི་ཁེ་ལས་དང་རྩ་འཛུགས་ལ་སྤྲོད་ཀྱི་ཡོད། 2024ལོའི་སྐབས་བཞི་པའི་ལྷ་ས་གྲོང་ཁྱེར་གྱི་སྲིད་གཞུང་གི་སྤུས་ཚད་བྱ་དགའ་དེར་སྲིད་གཞུང་གི་སྤུས་ཚད་བྱ་དགའ་1དང་།སྤུས་ཚད་དོ་དམ་གྱི་ཕུལ་བྱུང་བྱ་དགའ་2དཔྱད་འདེམས་བྱས་པའི་ནང་། བོད་ལྗོངས་ཡུང་ལན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིར་སྐབས་བཞི་པའི་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་དོ་དམ་གྱི་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།

བོད་ལྗོངས་ཡུང་ལན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སི་ནི་སྲིད་གཞུང་སྡེ་ཚན་ལ་ཁོར་ཡུག་བློ་འདྲི་དང་ཞིབ་དཔྱད་ཚད་ལེན་གྱི་ཚད་གཞིའི་ལག་རྩལ་ཞིབ་འཇུག་སོགས་ཕྱོགས་ཡོངས་ཀྱི་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱེད་པའི་ཀུང་སི་ཞིག་ཡིན་པ་དང་། ཀུང་སི་དེའི་ཚོད་ལྟ་ཁང་དུ་སྐྱོད་སྐབས། ལས་མི་བཀྲ་ཤིས་མཁའ་འགྲོས་རྡུལ་ཕྲན་ཆེམ་འོད་ཀྱི་འོད་ཚད་ཞིབ་དཔྱད་ཚད་ལེན་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། ཁོང་གིས་སྤྱད་པའི་དཔྱད་ཆས་ནི་མིག་སྔར་ཆེས་སྔོན་ཐོན་གྱི་རྡུལ་ཕྲན་ཆེམ་འོད་ཀྱི་འོད་ཚད་རྩིས་ཆས་རེད། ལོ་22ལ་སླེབས་པའི་བཀྲ་ཤིས་མཁའ་འགྲོ་ནི་ན་ནིང་བོད་ལྗོངས་ལག་ཤེས་སློབ་གླིང་གི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་འདི་གར་ལས་ཀ་བྱས་ནས་ལོ་གཅིག་ལྷག་ཙམ་ཕྱིན་ཡོད། ཚོད་ལྟའི་སྒྲིག་ཆས་ཀྱི་བཀོལ་སྤྱོད་དང་ཚོད་ལྟའི་བརྒྱུད་རིམ་གྱི་ལྟ་ཞིབ་ལས་དོན་བྱང་ཆུབ་པོའི་ངང་སྒྲུབ་ཐུབ་ཀྱི་ཡོད།

བཀྲ་ཤིས་མཁའ་འགྲོས། དཔྱད་ཆས་དེ་གཙོ་བོ་ས་རྒྱུ་དང་ཆུ་དཔེ་ཞིབ་དཔྱད་ཚད་ལེན་ཐད་སྤྱོད་ཀྱི་ཡོད། རྐྱེན་ཆ་བཞི་ཙམ་སྒྲུབ་ཐུབ་ཀྱི་ཡོད། སྐར་མ་ཕྱེད་ཀའི་ནང་མ་དཔེ་རེ་ཐོན་གྱི་ཡོད་པས་གནད་དུ་འཁེལ་ཚད་ཅུང་མཐོན་པོ་ཡོད་ཅེས་བཤད།

ཁོར་ཡུག་སྲུང་སྐྱོང་གི་ལས་ཀ་བྱེད་པའི་ཀུང་སི་ཞིག་གི་ངོས་ནས་བཤད་ན། དཔྱད་ཆས་སྒྲིག་ཆས་ནི་གནད་འགག་ཅིག་ཡིན། མིག་སྔའི་བར་བོད་ལྗོངས་ཡུང་ལན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིར་སྨི་ངོས་གྲུ་2200ཡོད་པའི་ཆེད་ལས་ཚོད་ལྟ་ཁང་དང་། མཐོ་ཞིབ་རྩེ་གསུམ་གྱི་སྒྲིག་ཆས་300ལྷག་ཡོད་ལ། སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི་2000ལྷག་ཙམ་ཟིན་ཡོད། དེ་བས་དཔྱད་གྲངས་530ལྷག་ཙམ་གྱི་ཞིབ་དཔྱད་ཚད་ལེན་གྱི་ཞབས་ཞུ་སྒྲུབ་ཀྱི་ཡོད། དཔྱད་གྲངས་ཀྱི་ཁྱབ་ཁོངས་སུ་ཆུ་དང་། ཆུ་སྙིགས། ས་རྒྱུ། དིམ་བསགས་དངོས་པོ། མཁའ་རླུང་དང་རླངས་སྙིགས། སྲ་གཟུགས་སྙིགས་རོ། འཛེར་སྒྲ་དང་འདར་འགུལ། གློག་ཁབ་ལེན་འགྱེད་འཕྲོ། གློག་གྱེས་འགྱེད་འཕྲོ་སོགས་ཚུད་ཡོད། ལོ་5ཡི་རིང་འབད་བརྩོན་བྱས་པ་བརྒྱུད། ལས་གཉེར་ཡོང་འབབ་དང་། ལག་རྩལ་སྟོབས་ཤུགས། མི་སྣ་གསོག་འཇོག་བཅས་ཡིན་ནའང་འདྲ། ཡང་ན་ཀུང་སིའི་ཁྱད་དུ་འཕགས་པའི་ལས་རྗེས་དོ་དམ་སོགས་གང་གི་ཐད་ནས་བལྟས་ཀྱང་ཀུང་སི་དེས་ལས་རིགས་གཅིག་པའི་མདུན་ལ་སླེབས་ཡོད་ཅིང་། ལོ་གསུམ་ནང་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་གཉིས་ལས་བརྒལ་བ་བརྩོན་ལེན་བྱེད་བཞིན་ཡོད།

བོད་ལྗོངས་ཡུང་ལན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའང་ཕེང་གིས། ཁྱད་དུ་འཕགས་པའི་ལས་རྗེས་ཀྱི་དོ་དམ་འོག་ང་ཚོར་ཕན་འབྲས་ཅུང་ཡག་པོ་ཐོབ་ཡོད། དཔེར་ན། ང་ཚོའི་ལས་གཉེར་ཡོང་འབབ་དང་ནོར་དོན་ཁེ་སྤོགས་ལྡབ་གཅིག་འཕར་ཡོད། ཚོང་ཤག་གི་་གྲངས་ཚད་འགན་ལེན་དང་འཕར་སྣོན་ཐད་ང་ཚོས་ཚོང་ཤག་རྙིང་པ་གཞན་ལ་མ་ཤོར་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཚོང་ཤག་གསར་པ་བརྒྱ་ཆ་50ཡན་འཕར་ཐུབ་པར་བྱས་ཡོད་ཅེས་བཤད།

ཀུང་སིས་ད་ཐེངས་ཀྱི་གཟི་བརྗིད་མཚན་སྙན་དེ་གོ་སྐབས་སུ་བྱས་ཏེ། ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། ཁེ་ལས་དོ་དམ་གྱི་སྤུས་ཚད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། ཐོན་སྐྱེད་གཉེར་སྐྱོང་དང་རྣམ་གྲངས་དོ་དམ་སོགས་ལྷུ་ཚིགས་མང་པོའི་སྤུས་ཚད་དོ་དམ་ལ་ཚོད་འཛིན་དང་བརྒྱུད་རིམ་ལྟ་སྐུལ་ལ་ཤུགས་སྣོན། ལས་རིགས་ཀྱི་སྔོན་ཐོན་ཚན་པ་དང་སྤེལ་རེས་གཏིང་ཟབ་བཅས་བྱས་ནས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་འབུལ་རྒྱུ་རེད།

ལིའང་ཕེང་གིས། ཕྱིས་འབྱུང་། ང་ཚོས་ཕུལ་བྱུང་གི་སྤུས་ཚད་དོ་དམ་འདུ་ཤེས་མུ་མཐུད་རྒྱུན་འཛིན་བྱས་ནས་ཐོན་རྫས་ཀྱི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། སྤྱི་ཚོགས་དང་འཛད་སྤྱོད་པར་རིན་ཐང་དེ་བས་མང་བ་བཏོད་ཐོག ཀུང་སི་འདི་ཉིད་ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་སྤུས་རྟགས་སྒྲིག་གཞི་ཞིག་ཏུ་གཏོད་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-07 བོད་ལྗོངས་ཡུང་ལན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིར་སྐབས་བཞི་པའི་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་དོ་དམ་གྱི་ཕུལ་བྱུང་བྱ་དགའ་ཐོབ་པ། 6 6 拉萨日报藏文 c190528.html 1 ​ཐོན་རྫས་ཀྱི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ། /enpproperty-->