ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་གནས་སྐབས་རོགས་སྐྱོབ་སྲིད་ཇུས་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱ་ཆེད་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། རང་ལྗོངས་ཀྱིས་2011ལོ་ནས་གནས་སྐབས་རོགས་སྐྱོབ་ལམ་ལུགས་བཙུགས་ཚུན་མི་ཐེངས་ཁྲི་32ལྷག་ཙམ་ལ་གནས་སྐབས་རོགས་སྐྱོབ་བྱས་པ་དང་། གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་སྤྲད་པས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གནས་སྐབས་རོགས་སྐྱོབ་སྲིད་ཇུས་སྔར་བས་ཚད་ལྡན་དང་འཐུས་སྒོ་ཚང་དུ་གཏོང་ཆེད། 2023ལོར་རང་སྐྱོང་ལྗོངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་གནས་སྐབས་རོགས་སྐྱོབ་བྱ་ཐབས》ཞིབ་འཇུག་བྱས་ནས་བཟོས་པ་རེད། བྱ་ཐབས་དེའི་ནང་2017ལོར་བཏོན་པའི《གནས་སྐབས་རོགས་སྐྱོབ་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར》དང་ལག་ལེན་གྱི་ཉམས་མྱོང་བསྡུ་ལེན་གང་ལེགས་བྱས་པའི་རྨང་གཞིའི་ཐོག གནས་སྐབས་རོགས་སྐྱོབ་བྱེད་སྟངས་དང་ཚད་གཞི་སྔར་བས་ཚད་ལྡན་དུ་བཏང་བ་དང་། ཞིབ་བཤེར་གཏན་འཁེལ་གྱི་དབང་ཚད་དང་ཞིབ་བཤེར་སྒྲུབ་གཉེར་དུས་ཚད་སོགས་གཏན་འཁེལ་བྱས་པ་དང་སྦྲགས། འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱས་པ་རེད། གླེང་རིན་ཡོད་པ་ཞིག་ནི་ལྗོངས་ཡོངས་ཀྱི་རིམ་ཁག་དམངས་སྲིད་ཚན་པས་དང་ལེན་ཧུར་ཐག་བྱས་ཏེ། གནས་སྐབས་རོགས་སྐྱོབ་བྱ་ཐབས་གསར་པ་ལག་བསྟར་ནན་པོ་བྱེད་དགོས་པ་དང་། བྱ་ཡུལ་ངོས་འཛིན་ཚད་ལྡན་དུ་གཏོང་བ། ཐེམ་ཐོ་གནས་ཡུལ་དང་སྡོད་གནས་ཀྱི་རེ་ཞུའི་ཚོད་འཛིན་མེད་པར་བཟོ་བ། ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ཞིབ་བཤེར་ཐག་གཅོད་ཀྱི་བརྒྱུད་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་རོགས་སྐྱོབ་བྱ་དགོས་པའི་རིགས་ལ་རོགས་སྐྱོབ་བྱེད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་རིམ་ཁག་དམངས་སྲིད་ཚན་པས་ད་དུང་རང་འགུལ་ངང་རོགས་སྐྱོབ་བྱ་རྒྱུ་མངོན་གསལ་དོད་དུ་གཏོང་བ་དང་། ཚན་པའི་དབར་གྱི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། བཅར་འདྲི་དང་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། མིས་སྲིད་ཇུས་འཚོལ་བ་ནས་སྲིད་ཇུས་ཀྱིས་མི་འཚོལ་བའི་བར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་བ། དཀའ་ངལ་ཡོད་པའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་གྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་རོགས་སྐྱོབ་བྱེད་པ། དམིགས་བསལ་གྱི་དཔེ་གཞིར་དམིགས་པ། དོན་རེར་གྲོས་རེ་དང་གྱོད་རེར་ཐབས་རེ་ཡོད་པའི་བྱ་ཐབས་སྤྱད་དེ་གནད་སྨིན་རོགས་སྐྱོབ་འགན་ལེན་བྱས་པ་རེད།
རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་དབྱང་ཅུན་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཚུན་དུ་ལྗོངས་ཡོངས་ཀྱི་རིམ་ཁག་དམངས་སྲིད་ཚན་པས་རིམ་རྩིས་བྱས་ན་མི་ཐེངས་26801ལ་གནས་སྐབས་རོགས་སྐྱོབ་བྱས་པ་དང་། མ་དངུལ་སྒོར་ཁྲི་6067སྤྲད་པས་དཀའ་ངལ་ཡོད་ཕྱིན་ངེས་པར་དུ་རོགས་རམ་བྱེད་དགོས་པ་མངོན་འགྱུར་བྱུང་ནས་དམངས་སྲིད་དམངས་ཆེད་དང་དམངས་སྲིད་དམངས་གཅེས་ལ་སྤུས་ཚད་དང་གཅེས་སེམས་དེ་བས་ཟབ་ཏུ་ཕྱིན་ཡོད།
གནས་སྐབས་ཀྱི་རོགས་སྐྱོབ་ནི་རྒྱལ་ཁབ་ཀྱིས་ཐོལ་བྱུང་དོན་རྐྱེན་དང་། བསམ་ཡུལ་ལས་འདས་པའི་གནོད་འཚེ། ནད་གཞི་ཚབས་ཆེན་ནམ་ཡང་ན་དམིགས་བསལ་གྱི་རྒྱུ་རྐྱེན་གཞན་དག་འཕྲད་ནས་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་འཕྲད་པར་མ་ཟད། སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་གཞན་དག་གནས་སྐབས་ཁྱབ་ཐབས་བྲལ་བའམ་ཡང་ན་རོགས་སྐྱོབ་བྱས་རྗེས་གཞི་རྩའི་འཚོ་བར་གནས་སྐབས་སྔར་བཞིན་དཀའ་ངལ་ཚབས་ཆེན་འཕྲད་པའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་ལ་འཕྲལ་སྡོམ་རང་བཞིན་དང་། བར་བརྒལ་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་རོགས་སྐྱོབ་བྱེད་པ་ཞིག་རེད། ལམ་ལུགས་དེ་རང་ལྗོངས་སུ་ལག་བསྟར་བྱས་པ་དེས། དཀའ་ངལ་གྱི་གནས་སུ་གྱར་བའི་ཁྱིམ་ཚང་དང་མི་སྒེར་ལ་དུས་ཐོག་ཏུ་ཕན་ནུས་ལྡན་པའི་རོགས་རམ་བྱས་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社