分享按钮

(པར་ངོས་དང་པོར་མཐུད)ཧོང་ཀྭ སུར་པན། སི་ཀྭ་སོགས་སྔོ་ཚལ་སྣ་ཁ་10ལྷག་ཙམ་བཏབ་ཡོད་པ་དེ་དག་གི་སྣ་ཁ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅེས་བཤད་པ་རེད།

སྔོ་ཚལ་འདེབས་འཛུགས་ཐད་ཆུ་ཤུར་རྫོང་ཅིང་ཀྲེ་མའོ་ཐིང་ཞིང་ལས་གླིང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ཏེ། སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་དང་དེང་རབས་ཅན་གྱི་ཆུ་འདྲེན་དང་ལུད་རྒྱག་སྒྲིག་ཆས་ནང་འདྲེན་བྱས་པ་བརྒྱུད་སྔོ་ཚལ་གྱི་ཐོན་ཚད་དང་སྤུས་ཚད་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། གླིང་ཁུལ་གྱི་ལོའི་སྔོ་ཚལ་ཐོན་ཚད་ཏུན་ཁྲི་2400ཟིན་པར་མ་ཟད། སྤུས་ཚད་ལེགས་པས་ཁྲོམ་རའི་ཐོག་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། ཁོང་ཚོའི་སྔོ་ཚལ་ནི་ཆུ་ཤུར་ཁུལ་གྱི་ཁྲོམ་རར་མཁོ་འདོན་བྱེད་པར་མ་ཟད། ད་དུང་བརྒྱུད་འཚོང་ཚོང་པ་མང་པོ་དང་མཉམ་ལས་བྱས་ནས་ལྷ་སའི་གྲོང་ཁུལ་དུ་ཕྱིར་འཚོང་བྱེད་ཀྱི་ཡོད་པས་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་2000ཙམ་ཟིན་ནས་དཔལ་འབྱོར་གྱི་ཕན་འབྲས་ཆེན་པོ་ཐོན་ཡོད་པ་རེད།

ཆུ་ཤུར་རྫོང་ཅིང་ཀྲེ་མའོ་ཐིང་ཞིང་ལས་གླིང་ཁུལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ས་གནས་དེ་གའི་གྲོང་མིར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་པ་སྟེ། ད་ཆ་གླིང་ཁུལ་གྱིས་མཐའ་འཁོར་གྱི་ཡུལ་མིར་ལས་ཞུགས་ལས་གནས་འབོར་ཆེན་མཁོ་འདོན་བྱས་པ་དང་། ལོ་ལྟར་ཡུལ་མི་40ལྷག་ཙམ་དེ་གར་ལས་མི་བྱེད་པར་བསྡུ་ཡི་ཡོད། གྲོང་མི་ཚོས་དེ་གར་སྔོ་ཚལ་འདེབས་འཛུགས་དང་། སྔོག་འཐུ། ཐུམ་སྒྲིལ་སོགས་ཀྱི་ལས་ཀ་བྱས་པར་ཟླ་རེར་ཡོང་འབབ་བརྟན་པོ་ཡོང་གི་ཡོད་པ་རེད།

གཡོད་ཡའོ་མིང་གིས་ང་ཚོས་ལོ་ལྟར་གྲོང་ཚོར་ས་ཞིང་བརྒྱུད་བཤུག་གི་འགྲོ་གྲོན་དང་། འཕྲུལ་ཆས་ཀྱི་འགྲོ་གྲོན། དེ་བཞིན་གནས་སྐབས་ལས་མི་སྤྱད་པའི་འགྲོ་གྲོན་བཅས་སྤྲད་པ་སྒོར་ཁྲི་100ཡན་ཟིན་གྱི་ཡོད། གྲོང་མི་ཚོས་སྔོ་ཚལ་འདེབས་འཛུགས་ནང་ཞུགས་པ་བརྒྱུད་འདེབས་འཛུགས་ཀྱི་ལག་རྩལ་དང་དོ་དམ་གྱི་ཉམས་མྱོང་གསར་པ་ཤེས་ནས་གྲོང་མི་ཚོར་ལས་ཞུགས་ཀྱི་གོ་སྐབས་བརྟན་པོ་ཞིག་བྱུང་བར་མ་ཟད། ཁོང་ཚོའི་ཁྱིམ་ཚང་གི་ཡོང་འབབ་ཀྱང་མང་དུ་ཕྱིན་པ་དང་། འཚོ་བའི་སྤུས་ཚད་མཐོ་རུ་སོང་ཡོད་ཅེས་བཤད།

འདེབས་འཛུགས་དུད་ཚང་ལི་ཧྲོའུ་ཡོན་གྱིས་གསར་འགོད་པར། ངས་གླིང་ཁུལ་དུ་ལོ་བཞི་ལྔ་ཙམ་གྱི་རིང་སྔོ་ཚལ་བཏབ་པ་ཡིན། འདི་གའི་ས་རྒྱུ་ལེགས་པ་དང་འབུ་སྐྱོན་ཉུང་ཉུང་རེད། གླིང་ཁུལ་དུ་ང་ལ་དྲོད་ཁང་ཆེན་མོ་བཞི་ཡོད་པར། ལོ་ལྟར་ཁེ་སྤོགས་གཙང་མ་སྒོར་ཁྲི་བཅུ་ལྷག་ཙམ་བྱུང་བས་ང་ཧ་ཅང་དགའ་པོ་བྱུང་ཞེས་བཤད།

ཞིང་ལས་དེང་རབས་ཅན་འཕེལ་རྒྱས་གཏོང་བའི་ཐད་ཆུ་ཤུར་རྫོང་ཅིང་ཀྲེ་མའོ་ཐིང་ཞིང་ལས་གླིང་ཁུལ་ཡང་མདུན་གྲལ་དུ་སླེབས་ཡོད། གླིང་ཁུལ་དུ་རིག་ནུས་ཅན་གྱི་ཆུ་འདྲེན་མ་ལག་སྤྱད་པས་སྔོ་ཚལ་སྐྱེ་འཚར་གྱི་དུས་མཚམས་མི་འདྲ་བར་གཞིགས་ནས་གནད་སྨིན་ཆུ་མཁོ་འདོན་ཐུབ་པ་དང་དུས་མཚུངས། སྔོན་ཐོན་གྱི་ལུད་རྒྱག་ལག་རྩལ་སྤྱད་དེ་སྔོ་ཚལ་ལ་འཚོ་བཅུད་འདང་ངེས་དང་སྙོམས་པོ་བསྡུ་ལེན་ཐུབ་རྒྱུའི་འགན་ལེན་བྱེད་ཀྱི་ཡོད། ནད་དང་འབུ་སྐྱོན་འགོག་བཅོས་ཐད་དེ་བས་འབྱུང་འཕྲོད་ཁོར་ཡུག་སྲུང་སྐྱོང་གི་འགོག་བཅོས་བྱ་ཐབས་སྤྱད་པས་ནད་དང་འབུ་སྐྱོན་ཚོད་འཛིན་ནུས་ལྡན་ཐུབ་པར་མ་ཟད། སྔོ་ཚལ་གྱི་འབྱུང་འཕྲོད་བདེ་ཐང་འགན་ལེན་ཐུབ་ཡོད། དེང་རབས་ཅན་གྱི་ཞིང་ལས་ལག་རྩལ་དང་སྒྲིག་བཀོད་དེ་དག་སྤྱད་པ་དེས་སྔོ་ཚལ་གྱི་ཐོན་ཚད་དང་སྤུས་ཚད་མཐོ་རུ་ཕྱིན་པར་མ་ཟད། ས་གནས་དེ་གའི་གྲོང་མིར་ཞིང་ལས་ཐོན་སྐྱེད་ཀྱི་འདུ་ཤེས་དང་ལག་རྩལ་གསར་རྐྱང་མཁོ་འདོན་བྱས་པས་ཞིང་ལས་ཐོན་སྐྱེད་བྱེད་སྟངས་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།

ཆུ་ཤུར་རྫོང་གི་ཅིང་ཀྲེ་མའོ་ཐིང་ཞིང་ལས་གླིང་ཁུལ་གྱིས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བ་གོ་སྐབས་སུ་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། འབྱུང་འགྱུར་དེས་གལ་ཆེའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་ས་གནས་དེ་གའི་གྲོང་མིའི་སྣེ་ཁྲིད་དེ་དེ་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་རྒྱུའི་ཡིད་ཆེས་ཡོད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 6 6 拉萨日报藏文 c190501.html 1 /enpproperty-->