(པར་ངོས་དང་པོར་མཐུད)ཉེ་བའི་ལོ་ཤས་རིང་། པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་ཀྱིས་ལོ་ལྟར་མ་དངུལ་སྒོར་ཁྲི་150བཏང་ནས་འདམ་གཞུང་གི《གནམ་མཚོའི་དུས་བཞིའི་འབྲོག་གླུ》ཞེས་པའི་འབྲོག་པའི་རིག་གནས་ཀྱི་གླུ་གར་ཟློས་གར་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ། སྔ་རྗེས་སུ་པེ་ཅིང་དང་། ནན་ཅིང་། ཧོ་ཧྥེ་སོགས་སུ་འཁྲབ་སྟོན་ཐེངས་7བྱས་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད། པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་དང་ལྷག་པར་དུ་གྲོང་ཤར་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱིས་འདམ་གཞུང་རྫོང་ལ་པེ་ཅིང་དུ་དྲིལ་བསྒྲགས་འོས་སྦྱོར་གྱི་བྱེད་སྒོ་སྤེལ་བའི་ལས་སྟེགས་ཧུར་ཐག་བསྐྲུན་ནས་ཆ་སྙོམས་བྱས་ན་ལོ་ལྟར་པེ་ཅིང་དུ་ཡུལ་སྐོར་འོས་སྦྱོར་གྱི་བྱེད་སྒོ་ཐེངས་གཉིས་རེ་སྤེལ་གྱི་ཡོད། འོས་སྦྱོར་བྱས་པ་བརྒྱུད་པེ་ཅིང་མི་དམངས་ཀྱིས་འདམ་གཞུང་རྫོང་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་། ལོ་རྒྱུས། རང་བྱུང་ཐོན་ཁུངས་སོགས་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ལ་ཤེས་རྟོགས་ཐུབ་ཚད་དང་། ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཤེས་ལྡན་པ་གསོ་སྐྱོང་སོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པས་འདམ་གཞུང་རྫོང་གི་རིག་གནས་ཡུལ་སྐོར་ལས་བྱེད་པའི་བྱང་ཚད་དང་མཐོང་རྒྱ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
ཐོན་ལས་རོགས་སྐྱོར་དང་རྣམ་གྲངས་དོན་འཁྱོལ་བྱས་པ་བརྒྱུད། པེ་ཅིང་བོད་སྐྱོར་གྱིས་འདམ་གཞུང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་པ་དང་ཆབས་ཅིག་ཏུ་ས་གནས་འདི་གའི་ལས་བྱེད་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་པ་སྟེ། བཀྲ་སྒྲོལ་ནི་འདམ་གཞུང་རྫོང་འདམ་ཆུ་ཁ་སྡེ་ཁུལ་གྱི་ཞིང་ལས་དང་གྲོང་གསེབ་ཀྱི་ཆེད་མི་ཞིག་ཡིན་པས། པེ་ཅིང་བོད་སྐྱོར་གྱི་དྲོ་སྐྱིད་ཚོར་ཐུབ་ཡོད།
2022ལོའི་ཟླ་1པར། སྐབས་དེ་དུས་ཆ་རྐྱེན་ཞན་པའི་དབང་གིས་འདམ་ཆུ་ཁ་སྡེ་ཁུལ་དུ་ལས་ཀ་བྱེད་པར་ཐོག་དང་པོར་ཡོང་བའི་བཀྲ་སྒྲོལ་འདམ་ཆུ་ཁ་སྡེ་ཁུལ་གྱི་གཞུང་ལས་ཐོག་ཁང་དུ་བསྡད་པ་དང་། 2022ལོར། པེ་ཅིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་ནས་གཞི་རིམ་བཅོས་སྐྱོང་དང་རིམ་སྤོར་གྱི་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱད་དེ་འདམ་གཞུང་རྫོང་གི་ཤང(གྲོང་རྡལ)2དང་སྲིད་འཛིན་གྲོང་ཚོ་25ལ་གྲོང་ཚོའི་ལས་བྱེད་པའི་ལས་ཤག་266དང་། ཟ་ཁང་ལ་ཁང་མིག་21 གློག་ཆས་སོགས་ཞོར་གཏོགས་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་། མིག་སྔར་དེ་དག་ཚང་མ་བེད་སྤྱོད་གཏོང་བཞིན་ཡོད་ལ། ན་ནིང་བཀྲ་སྒྲོལ་ལ་ཡང་རང་ཉིད་ལ་དབང་བའི་ཁང་པ་ཞིག་སྤྲད་ཡོད།
བཀྲ་སྒྲོལ་གྱིས། ཉལ་ཁང་དེ་བསྐྲུན་རྗེས། ང་ཚོ་ཚང་མ་འདི་གར་གནས་སྤོས་པ་ཡིན། འདིའི་ནང་བསྡད་ནས་ལོ་གཅིག་ཙམ་ཕྱིན་སོང་། ཕྱོགས་གང་ཅིའི་ཐད་ཆ་རྐྱེན་ཧ་ཅང་ཡག་པོ་འདུག རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བོད་སྐྱོར་མ་དངུལ་གྱིས་རྒྱབ་སྐྱོར་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཚོས་ང་ཚོའི་སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་བཏང་སོང་ཞེས་གསར་འགོད་པར་བཤད། རྣམ་གྲངས་ལ་དམ་འཛིན་དང་། ཐོན་ལས་དར་སྤེལ། བྱ་བ་དངོས་སྒྲུབ་པ་བཅས་བྱས་ནས་བོད་སྐྱོར་རྣམ་གྲངས་རེ་རེ་བཞིན་འདམ་གཞུང་རྫོང་དུ་རྩ་བ་ཚུགས་ཏེ།གཡུར་ཟའི་གྲུབ་འབྲས་ཐོབ་པར་མ་ཟད། འདམ་གཞུང་རྫོང་གི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་དངོས་ཕན་དང་བདེ་སྐྱིད་ཐོབ་ཡོད། བོད་སྐྱོར་ལས་དོན་ནི་ལོ་30རིང་རྒྱུན་མཐུད་པའི་ཡུན་རིང་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་འདུ་འགོད་ཅིག་ཡིན་པའི་ངོས་ནས། ཅིང་ལྷ་ས་གནས་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་མདུན་སྐྱོད་བྱེད་པའི་བརྩེ་སེམས་མཚོན་པ་དང་། བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་གིས་ས་མཐོར་ཡོང་ཕོད་པའི་འགན་འཁྲི་གཅིག་ཏུ་འདུས་ཡོད། ལོ་30ཡི་རིང་། པེ་ཅིང་གྲོང་ཁྱེར་གྱིས་བོད་སྐྱོར་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་། བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བོད་སྐྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྔ་རྗེས་སུ་ཁག་10ཡི་ལས་བྱེད་པ་དང་ཤེས་ལྡན་པ་97བཏང་ནས་འདམ་གཞུང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐྱོར་བྱས་པ་དང་། བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་བྱས་ནས་ས་མཐོར་བསྐྱོད་དེ་རྣམ་གྲངས་རེ་རེ་དང་། བྱ་བ་དངོས་རེ་རེ་བཞིན། འགྱུར་ལྡོག་རེ་རེ་བཅས་ཀྱི་ཐོག་ནས་གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ་དང་། ས་བབ་མཐོ་ཡང་རྟོགས་པ་དེ་བས་མཐོ་ཞེས་པའི་ཚིག་དེའི་གོ་དོན་གསལ་བཤད་བྱས་ཡོད། གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། 1995ལོ་ནས་2023ལོའི་བར། པེ་ཅིང་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་5.9ཙམ་བཏང་ནས་བོད་སྐྱོར་རྣམ་གྲངས་61ལག་བསྟར་བྱས་པ་དང་། དེའི་ནང་སྨན་བཅོས་དང་། སློབ་གསོ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཕྱོགས་མང་པོ་ཚུད་ཡོད།
ད་ཆ། འདམ་གཞུང་དུ་པེ་ཅིང་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པས་བོད་སྐྱོར་ལས་བྱེད་པ་རྒན་གྲས་དག་གི་ལག་ནས་བོད་སྐྱོར་གྱི་འགན་འཁྲི་མུ་མཐུད་ནས་ཁུར་བ་དང་། ལས་གནས་ཀྱི་འགན་འཁྲིར་གཞི་ཚུགས་ཏེ།དཔལ་འབྱོར་གོང་འཕེལ་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས། ཚོང་འགུག་མ་འདྲེན་སོགས་ཀྱི་ལས་དོན་མང་པོ་ཧུར་ཐག་སྒྲུབ་བཞིན་ཡོད།
ཁག་བཅུ་པའི་པེ་ཅིང་བོད་སྐྱོར་ལས་བྱེད་པ་དང་། འདམ་གཞུང་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་བཅས་ཡིན་པའི་ཡན་ཐའོ་ཡིས། ང་ཚོ་ཁག་བཅུ་པའི་བོད་སྐྱོར་ཚོགས་པས་གཙོ་བོ་བོད་སྐྱོར་གྱི་སྣེ་ཁྲིད་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱས་ནས། ལོ་ལྔ་ཚན་བཅུ་བཞི་པའི་བོད་སྐྱོར་རྣམ་གྲངས་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། ལོ་ལྔ་ཚན་བཅུ་བཞི་པའི་རིང་། པེ་ཅིང་གིས་འདམ་གཞུང་རྫོང་ལ་བོད་སྐྱོར་རྣམ་གྲངས་30སྐྲུན་རོགས་བྱས་པ་དང་། དེར་མ་དངུལ་སྒོར་དུང་ཕྱུར་2.175བཏང་ཡོད། དེའི་རྗེས་ཀྱི་ལོ་གཅིག་ནང་ང་ཚོ་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པས་མུ་མཐུད་ནས་པེ་ཅིང་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། དེ་བཞིན་པེ་ཅིང་གྲོང་ཁྱེར་བོད་སྐྱོར་བཀོད་འདོམས་པུའུ་བཅས་ཀྱི་བོད་སྐྱོར་ལས་དོན་སྐོར་གྱི་མཛུབ་སྟོན་བླང་བྱ་དང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ང་ཚོར་བཏོན་པའི་ལས་ཀའི་བླང་བྱ་གཞིར་བཟུང་། བོད་སྐྱོར་རྣམ་གྲངས་བདེ་བླག་ངང་སྤེལ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་། པེ་ཅིང་གྲོང་ཁྱེར་དང་ལྗོངས་ཕྱིའི་སྟོབས་ཤུགས་ཡོད་པའི་ཁེ་ལས་ཀྱིས་འདམ་གཞུང་རྫོང་དུ་མ་འཇོག་འཛུགས་སྐྲུན་བྱ་རྒྱུར་ཡིད་དབང་བཀུག་སྟེ་འདམ་གཞུང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社