གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཉེ་ཆར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3.2བཏང་ནས་སྤོ་རུང་བའི་རིག་དངོས་ལ་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་རྣམ་གྲངས་དང་། གྲངས་འཛིན་ཅན་གྱི་སྲུང་སྐྱོབ་རྣམ་གྲངས། རིག་དངོས་ཉམས་གསོའི་རྣམ་གྲངས་བཅས་ཁྱོན་56ལག་ལེན་དུ་བསྟར་ནས་རང་སྐྱོང་ལྗོངས་ཀྱི་སྤོ་རུང་བའི་རིག་དངོས་ཉར་ཚགས་ཀྱི་ཁོར་ཡུག་དང་རིག་དངོས་ཀྱི་ཚན་རྩལ་སྲུང་སྐྱོབ་ནུས་པ་མུ་མཐུད་ནས་ཆེ་རུ་བཏང་ཡོད།
བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཞུས་ཧྲའོ་གོས་སྤོ་རུང་བའི་རིག་དངོས་ལ་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་ཐད་རང་ལྗོངས་ཀྱིས་འབྲས་སྤུངས་དགོན་དང་། དགའ་ལྡན་དགོན། ལྷ་ལྡན་གཙུག་ལག་ཁང་སོགས་རྩ་ཆེའི་རིག་དངོས་ལ་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་རྣམ་གྲངས་ལག་ལེན་དུ་བསྟར་ནས་དགོན་སྡེའི་སྤོ་རུང་བའི་རིག་དངོས་ཉར་ཚགས་ཀྱི་ཁོར་ཡུག་ལེགས་སུ་ནུས་ལྡན་བཏང་བ་དང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ཁ་བཅས་ཀྱི་རྩ་ཆེའི་རིག་དངོས་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་རྣམ་གྲངས་ལག་ལེན་བསྟར་བ་དང་། བཤམས་སྟོན་ཁང་དུ་ཉར་བའི་རིག་དངོས་ཉར་ཚགས་ཀྱི་ཁོར་ཡུག་ཚད་ལོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད་ཅེས་བཤད།
རྩ་ཆེའི་རིག་དངོས་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་ཐད་རང་ལྗོངས་ཀྱིས་ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་གཞུང་དང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་དང་།མངའ་རིས་གུ་གེ་རྒྱལ་རབས་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་སོགས་ཀྱི་རྣམ་གྲངས་ལག་ལེན་དུ་བསྟར་བ་དང་གསོག་ཉར་དངོས་རྫས་གྲངས་འཛིན་ཅན་གྱི་བསྐྱར་སྐྲུན་བྱས་པ་བརྒྱུད་རིག་དངོས་ཕྱོགས་ཡོངས་ནས་སྤྱན་གཟིགས་དང་། ཉར་ཚགས། དོ་དམ་བཅས་བྱས་ཡོད་པ་རེད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社