分享按钮

(པར་ངོས་དང་པོར་མཐུད)སྡེ་ཁུལ་དུ་སྐྱོད་སྐབས་གྲོང་མིའི་ཁྱད་ཆོས་ཟབ་མོ་ལྡན་པ་དང་ཁྲོམ་གཞུང་དུ་ཚོང་ཁང་དང་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་དོད་པའི་ཁར་དེ་གར་ལོ་རྒྱུས་དང་རིག་གནས་ཀྱི་རྣམ་པས་ཁེངས་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་དྲོ་སྐྱིད་ལྡན་པའི་རྣམ་པས་ཁེངས་ཡོད།

ཉེ་བའི་ལོ་ཤས་རིང་། ཀླུ་སྒུག་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་དང་། དམངས་འཚོའི་ཞབས་ཞུ། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་སོགས་ལ་གཅིག་གྱུར་འཆར་འགོད་བྱས་ནས་མི་རིགས་ཁག་གིས་མཉམ་དུ་འཚོ་བ་སྐྱེལ་བའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཡག་པོ་ཞིག་བསྐྲུན་ཡོད་པ་རེད། གཟའ་འཁོར་རེར་གྲོང་མི་ཨུ་ལྷན་གྱིས་སྡེ་ཁུལ་གྱི་གྲོང་མིར་དུས་བཀག་ཐོག་བོད་རྒྱ་སྐད་གཉིས་སློབ་ཚན་ཁྲིད་ཀྱི་ཡོད། མི་རིགས་ཁག་གི་གྲོང་མིས་མཉམ་དུ་སློབ་ཚན་འཚོགས་པར་བརྟེན་ནས་ཕན་ཚུན་དབར་གྱི་བརྩེ་དུང་ཟབ་ཏུ་ཕྱིན་པར་མ་ཟད། རིག་གནས་དང་གོམས་སྲོལ་མི་འདྲ་བ་ཕན་ཚུན་འབྲེལ་འདྲིས་ཐུབ་ནས་མི་རིགས་མཐུན་སྒྲིལ་དང་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་མ་ཐེབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁས་ལེན་ཐོབ་ཡོད་པ་རེད།

ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་གྱི་བྱེད་སྒོ་ཁང་ནས་གྲགས་འོང་བའི་སྐད་གདངས་མཉམ་པའི་ཀློག་འདོན་གྱི་སྒྲ་ཐོས་ཤིང་། སྡེ་ཁུལ་གྱི་ལས་དོན་མི་སྣས་མི་རིགས་མི་འདྲ་བའི་གྲོང་མིར་བོད་རྒྱ་སྐད་གཉིས་ཟུར་ཁྲིད་བྱེད་པ་དང་། ཚང་མའི་སྣེ་ཁྲིད་དེ་དབྱངས་གསལ་དང་མིང་ཚིག་ཀློག་སྟངས་དང་། རྒྱུན་སྤྱོད་སྐད་ཆ་སྦྱོང་བ་སོགས་བྱེད་པ་དང། ཚང་མས་ནན་ཏན་ངང་སློབ་ཚན་ཉན་པ་དང་ཟིན་བྲིས་འགོད་བཞིན་ཡོད། མི་རིགས་ཁག་གི་མང་ཚོགས་དེ་གར་མཉམ་དུ་བསྡད་དེ་སློབ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་དུ་རོལ་རྩེད་བཅས་བྱེད་པའི་གསོན་ཉམས་དོད་པའི་པར་རིས་ཤིག་གྲུབ་ཡོད།

ཀན་སུའུ་ཉིང་ཞ་ནས་ཡིན་པའི་ཀ་ཞི་མུའུ་ཡིས་ཀླུ་སྒུག་སྡེ་ཁུལ་དུ་ཚོང་ལས་གཉེར་ནས་ད་བར་ལོ་ངོ་20ཙམ་ཕྱིན་པ་དང་། སྐད་གཉིས་སློབ་ཁང་དུ་བོད་ཡིག་སྦྱངས་ནས་ད་བར་དུ་དུས་ཡུན་ལོ་གསུམ་སོང་ཡོད། ཁོང་གིས་སྐུ་མགྲོན་དང་ཁྱིམ་མཚེས་བར་བོད་སྐད་ཆུ་རྒྱུག་རྒྱུག་ཤོད་རེས་བྱེད་ཐུབ་ཀྱི་ཡོད། ཀ་ཞི་མུའུ་ཡིས་ང་ཚོའི་སྡེ་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་ཡིན། ཚོང་ལས་གཉེར་སྐབས་རྟག་ཏུ་བོད་རིགས་ཀྱི་གྲོགས་པོ་དང་འབྲེལ་འདྲིས་དགོས་པས། རིམ་བཞིན་བོད་སྐད་སྦྱོང་གི་ཡོད། བོད་སྐད་སྦྱོང་རྒྱུ་དེ་སྔར་སེམས་ལ་དྲན་པ་བཞིན་ཁག་པོ་མི་འདུག གཟའ་འཁོར་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ཉིན་ད་དུང་སྡེ་ཁུལ་དུ་བོད་སྐད་སྦྱོང་གི་ཡོད། ད་ལྟ་གནས་འདི་ནི་ངའི་ཁྱིམ་ཚང་གཉིས་པར་གྱུར་ཡོད་ཅེས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་སྐད་གཉིས་སློབ་ཁང་དུ་སྐད་གཉིས་སྦྱོང་རེས་བྱེད་མཁན་120ཟིན་ནས་ཁྲེང་ཀོན་ཆུས་ཀྱི་རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་སྡེ་ཁུལ་འབའ་ཞིག་ཏུ་གྱུར་ཡོད། དེ་དང་དུས་མཚུངས་སུ་ཀླུ་སྒུག་སྡེ་ཁུལ་གྱིས་ད་དུང་འདུ་འགོད་ཆེན་པོ་བཞི་དང་། བྱ་སྤྱོད་ཆེན་པོ་དྲུག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མི་རིགས་སྲིད་ཇུས་སྒྲོག་འགྲེལ་དང་། གཅེས་སེམས་འོས་འགན་སྨན་བཅོས། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པ་སོགས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བྱེད་སྒོ་ཐེངས་200ལྷག་ཙམ་སྤེལ་བ་དང་། རྒྱུན་རྣམ་ཅན་གྱི་ཞབས་ཞུའི་ལས་དོན་ཧུར་ཐག་ངང་སྤེལ་ཞིང་། རིམ་རྩིས་བྱས་པ་ལྟར་ན། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་2000ལྷག་ཙམ་ཐག་གཅོད་བྱས་པས་ཕྱོགས་མང་མཉམ་འགུལ་དང་མཉམ་སྐྲུན་མཉམ་གཏོད་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ནས་མི་རིགས་ཁག་གི་མང་ཚོགས་སྡེ་ཁུལ་དུ་གནས་ཐུབ་པ་དང་། མཉམ་འདྲེས་ཐུབ་པ། འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བཅས་བྱུང་ཡོད། དེ་དང་ཆབས་ཅིག་ཀླུ་སྒུག་སྡེ་ཁུལ་གྱིས་ད་དུང་དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་ལས་དོན་སྒྱུར་བཀོད་རིམ་སྤོར་བྱས་ཏེ་བེད་མེད་དུ་ལུས་པའི་གཞུང་ལས་བྱ་ཡུལ་དེ་མང་ཚོགས་ཀྱིས་ངལ་གསོ་རྒྱག་ས་དང་། དཔེ་ཀློག་ཁང་། བྱེད་སྒོ་སྣ་ཚོགས་སྤེལ་ས་སོགས་སུ་བསྒྱུར་ནས་སྡེ་ཁུལ་དུ་བྱ་བ་སྒྲུབ་པ་དང་གཞུང་དོན་གྲོས་བསྡུར་བྱེད་ཆོག་པར་མ་ཟད། མང་ཚོགས་ལ་ངལ་གསོ་དང་རོལ་རྩེད་སོགས་ཕྱོགས་ཡོངས་ཀྱི་ཞབས་ཞུ་བསྒྲུབས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་དང་དུས་རབས་གསར་པའི་མི་རིགས་མང་པོའི་སྤྱི་ཚོགས་བཅོས་སྐྱོང་གི་དཔེ་སྟོན་སྡེ་ཁུལ་ཕྱོགས་ཡོངས་ནས་བཏོད་ཡོད་པ་རེད།

ཀླུ་སྒུག་སྡེ་ཁུལ་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ(ལག་ལེན་རྟེན་གཞི)དང་། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མི་རིགས་མང་བའི་ཞི་མཐུན་ཁྲོམ་གཞུང(སྡེ་ཁུལ) ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྡེ་ཁུལ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད། ད་ལོ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ་དེ་ནི་ཀླུ་སྒུག་སྡེ་ཁུལ་གྱི་མི་རིགས་ཁག་དབར་ཕན་ཚུན་ལྟ་རྟོག་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དཔང་པོ་ནུས་ལྡན་ཞིག་རེད།

ཀླུ་སྒུག་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་བྱམས་པ་བཀྲ་ཤིས་ཀྱིས་ང་ཚོའི་སྡེ་ཁུལ་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ལ་འདེམས་སྐབས། ངས་ཀྱང་ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་པ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་ང་ཚོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་སྔར་བས་ལེགས་པ་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་ཧུར་ཐག་འབད་ཐག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-04 6 6 拉萨日报藏文 c190357.html 1 /enpproperty-->