ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་31ཉིན།མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་དུ་ས་ཡོམ་རིམ་པ་4.1བརྒྱབ་ཅིང་།ས་ཡོམ་བརྒྱབ་རྗེས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་གྱིས་འཕྲལ་མར་རུ་སྣེ་ཁྲིད་དེ་ཡུལ་དངོས་སུ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།
དགྲ་འདུལ་དང་བཅས་པ་སྔ་རྗེས་སུ་རུ་ཐོག་ཤང་དང་རྨམ་པ་ཤང་དུ་ཕེབས་ཏེ་མང་ཚོགས་ཀྱི་སྡོད་ཁང་དང་།དགོན་སྡེའི་འཛུགས་སྐྲུན།རྩ་ཆེའི་རིག་དངོས་བཅས་ལ་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ཚུལ་ལ་ལྟ་ཞིབ་དང་།གནོད་འཚེའི་མངོན་མེད་རྐྱེན་ངན་དང་ཉེན་ཁར་དབྱེ་ཞིབ་དང་ཞིབ་འཇུག ཡུལ་དངོས་སུ་བྱ་ཐབས་ཞིབ་འཇུག རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།
ཞིབ་བཤེར་ཚོགས་ཆུང་གིས་ཡོམ་འགོག་གེགས་སེལ་བྱ་རྒྱུ་དེ་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་བསམ་བློའི་ཐོག་ནས་ཉེན་ཁའི་གནས་ཚུལ་ལ་གྲལ་བཤེར་དང་།དངོས་ཟོག་གྲབས་གསོག མང་ཚོགས་གནས་སྤོ།སྔོན་ཇུས་འཐུས་ཚང་།འཕྲལ་སྡོམ་ནང་སྦྱོང་།ཉེན་གཡོལ་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཡོམ་འགོག་གེགས་སེལ་གྱི་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས་ཞེས་བསྟན་པ་རེད།
ཞིབ་བཤེར་ཚོགས་ཆུང་གིས་མལ་གྲོ་གུང་དཀར་རྫོང་གིས་སློབ་གྲྭ་དང་།དགོན་སྡེ།རྡོ་སོལ་མིན་པའི་གཏེར་རི་སོགས་གཙོ་གནད་ཁུལ་དང་མི་སྣ་གཅིག་སྡུད་ཁུལ་ལ་དམིགས་ཏེ་ལེབ་བཤེར་གྱི་རྣམ་པའི་ཐོག་ནས་ཁྱོན་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་གཞི་གྲངས་ཁ་གསལ་དང་གནས་ཚུལ་ཁ་གསལ་ཡོང་བར་བྱེད་དགོས་པ་དང་།ཚན་རིག་དང་མཐུན་པའི་ཡོམ་གཡོལ་དང་རང་སྐྱོབ་ཤེས་བྱ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་སློབ་གྲྭ་དང་དགོན་སྡེ་སོགས་མི་ཚོགས་ཆེ་སར་འཕྲལ་སྡོམ་ནང་སྦྱོང་བྱེད་དགོས་པ།དངོས་ཟོག་གྲབས་གསོག་ཡག་པོ་བྱེད་པ་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་དངོས་ཟོག་ལ་ཁྱོན་ཡོངས་ནས་གཙང་བཤེར་དང་གྲལ་བཤེར་བྱས་ཏེ་གུར་དང་སྲིང་བལ་ཉལ་ཆས་སོགས་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་སློབ་གྲྭ་དང་།དགོན་སྡེ།གཏེར་འདོན་ཁེ་ལས་སོགས་གཙོ་གནད་ཁུལ་དུ་འཕྲལ་སྡོམ་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
མལ་གྲོ་གུང་དཀར་རྫོང་གི་འབྲེལ་ཡོད་འགན་འཁུར་བས་གོང་དུ་བཀུར་བ་གཉིས་ཀྱི་རྩ་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ས་ཡོམ་གྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་།འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ།འཕྲལ་སྡོམ་དངོས་ཟོག་འདང་ངེས་གྲབས་གསོག་ཐུབ་རྒྱུར་འགན་ལེན་བཅས་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社