ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཆི་ཧྲེང་ཚོང་ལས་ཐང་ཆེན་གྱི་ས་འོག་གི་ཐོག་སོ་དང་པོའི་ཐོག་གནས་པའི་ཅ་ཧུའེ་འཚོ་བའི་སྒོ་རྩིས་ཚོང་ཁང་གཟབ་རྒྱས་ངང་སྒོ་ཕྱེ་ནས་ཉེ་འཁོར་གྱི་ཡུལ་མི་དང་ཡུལ་སྐོར་བར་སྔར་བས་སྟབས་བདེ་དང་སྐྱིད་སྣང་དོད་པའི་གཅིག་འཐུས་རྣམ་པའི་ཉོ་སྒྲུབ་བྱེད་ས་ཞིག་མཁོ་འདོན་བྱས་ཡོད་པ་རེད།
ཅ་ཧུའེ་འཚོ་བའི་སྒོ་རྩིས་ཚོང་ཁང་གི་ས་བབ་ལེགས་ལ་འགྲིམ་འགྲུལ་ཡང་ཧ་ཅང་སྟབས་བདེ་པོ་ཡོད། ཅ་ཧུའེ་འཚོ་བའི་སྒོ་རྩིས་ཚོང་ཁང་དུ་སྐྱོད་སྐབས་དང་ཐོག་མིག་ལམ་དུ་འཆར་བ་ནི་རྒྱ་ཆེ་ལ་དཀར་ཆ་དོད་པའི་དངོས་ཟོག་ཉོ་སྒྲུབ་ཀྱི་ཁོར་ཡུག་ཅིག་ཡིན་པ་རེད། སྒོ་རྩིས་ཚོང་ཁང་ནང་གི་བཀོད་པ་ལུགས་མཐུན་དང་ཚོང་ཟོག་སྒྲིག་གཤོམ་གོ་རིམ་ལྡན་པས་མི་རྣམས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད། སྒོ་རྩིས་ཚོང་ཁང་དུ་ཚོང་ཟོག་སྣ་ཁ་ཁྲི་2ལྷག་ཙམ་ཡོད་པ་དེ་དག་ནང་བཟའ་བཅའ་སོས་པ་དང་། འབྲུ་སྣུམ་དང་ཞོར་ཟས། རྒྱུན་མཁོའི་བརྒྱ་ཟོག ཁྱིམ་ཆས། རིག་གནས་དང་ལུས་རྩལ་གྱི་མཁོ་ཆས། ནང་འདྲེན་བཟའ་བཅའ་སོགས་སྣ་ཁ་མང་པོ་ཡོད་པས་གྲོང་མི་ཚོའི་ཉོ་སྒྲུབ་ཀྱི་དགོས་མཁོ་སྣ་ཚོགས་གང་ལེགས་སྐོང་ཐུབ་ཀྱི་ཡོད་པ་རེད།
གྲོང་མི་ཞུང་ཚའེ་ཧྥེན་གྱིས་ངས་དེ་རིང་ཉོས་པའི་ཕག་ཤ་རྒྱ་མ་གང་ལ་སྒོར་9.9དང་འབྲས་རྒྱ་མ་50ཙམ་ལ་སྒོར་100སྤྲད་པ་ཡིན་པས་དངོས་གནས་གོང་ཁེ་པོ་འདུག་ཅེས་བཤད།
གསར་འགོད་པས་ཡུལ་དངོས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟས་རིགས་སོས་པའི་ཁུལ་དུ་སྔོ་ཚལ་དང་། ཤིང་འབྲས། ཤ་རིགས། ཆུ་ཐོན་ཐོན་རྫས་སོས་པ་བཅས་ཀྱི་རིན་གོང་ཁེ་བ་མ་ཟད་སྤུས་ཚད་ཀྱང་ལེགས་པོ་ཡོད་པ་རེད། འབྲུ་སྣུམ་དང་ཞོར་ཟས་ཁུལ་དུ་སྤུས་རྟགས་འདྲ་མིན་གྱི་འབྲས་དང་། གྲོ་ཞིབ། བཟའ་སྣུམ་སོགས་ཀྱི་ཚོང་ཟོག་མཁོ་སྤྲོད་འདང་ངེས་ཡོད་པ་དང་རིན་གོང་ཡང་ཁེ་པོ་ཡོད། རྒྱུན་མཁོའི་བརྒྱ་ཟོག་ཁུལ་དུ་ཁྱིམ་སྤྱོད་གཙང་སྦྲ་ནས་མི་སྒེར་གྱི་གཙང་སྦྲའི་ཐོན་རྫས་བར་སྣ་ཁ་མང་ལ་རིན་གོང་དམའ་པོ་ཡོད་པ་རེད། ཕུན་སུམ་ཚོགས་པའི་ཚོང་ཟོག་དང་རིན་གོང་ཁེ་བ་ཕུད་ཅ་ཧུའེ་འཚོ་བའི་སྒོ་རྩིས་ཚོང་ཁང་གིས་ད་དུང་ཞབས་ཞུའི་སྤུས་ཚད་ལ་སྣང་ཆེན་བྱེད་ཀྱི་ཡོད། ཅ་ཧུའེ་སྒོ་རྩིས་ཚོང་ཁང་གི་གཉེར་སྐྱོང་སྤྱི་ཁྱབ་ལྟ་ཞིབ་པ་ཀྲུའུ་ཅུན་གྱིས་གོང་ཁེའི་སྒོ་རྩིས་ཚོང་ཁང་ཞིག་ཡིན་པའི་ཅ་ཧུའེ་འཚོ་བའི་སྒོ་རྩིས་ཚོང་ཁང་གིས་དམངས་ལ་དངོས་ཕན་གཏོད་རྒྱུ་དམིགས་ཡུལ་དུ་བྱས་ནས་གྲོང་མིར་སྤུས་ཀ་ལེགས་ཤིང་གོང་ཁེ་བའི་ཚོང་ཟོག་མཁོ་འདོན་བྱ་རྒྱུར་གཞོལ་བཞིན་ཡོད་ཅེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཅ་ཧུའེ་འཚོ་བའི་སྒོ་རྩིས་ཚོང་ཁང་ལས་གཉེར་བྱས་པ་དེས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཚོང་ལས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། གྲོང་མིའི་སྣ་མང་ཅན་གྱི་འཛད་སྤྱོད་ཀྱི་དགོས་མཁོ་ཡང་དེ་བས་སྐོང་ཐུབ་པ་བྱུང་བ་དང་། མཐའ་འཁོར་གྱི་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ། གྲོང་མིས་སྟབས་བདེ་དང་དངོས་ཕན་གྱི་སྒོ་ནས་དངོས་ཟོག་ཉོ་བའི་ཚ་རླབས་ཤིག་འཕྱུར་བ་དང་ཆབས་ཅིག་མཐའ་འཁོར་མང་ཚོགས་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད་པ་རེད། ཅ་ཧུའེ་སྒོ་རྩིས་ཚོང་ཁང་གི་ལས་དོན་པ་ཀྲའོ་ཅིན་ཐའོ་ཡིས་ང་ནི་འདི་ལོ་སློབ་ཆེན་ཐོན་མ་ཐག་ཡིན། འདི་གར་ལས་ཀ་བྱས་པ་ལས་ཕྱིར་ཚོང་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་བསགས་ནས་ངའི་སླད་ཕྱིན་གྱི་ལས་རིགས་དོན་གཉེར་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བཤད།
ད་ཐེངས་ཅ་ཧུའེ་འཚོ་བའི་སྒོ་རྩིས་ཚོང་ཁང་སྒོ་ཕྱེ་བར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་ཚོང་ལས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཚོང་ལས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་གྲོང་མི་དང་ཡུལ་སྐོར་བར་དེ་བས་སྟབས་བདེ་དང་། སྐྱིད་སྣང་དོད་པ། སྤུས་ལེགས་བཅས་ཀྱི་ཉོ་སྒྲུབ་ཀྱི་ཉམས་ལེན་ཞིག་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社