分享按钮

ཞི་ཅིན་ཕིང་གིས་སི་ལོ་ཝ་ཁེའི་སྲིད་བློན་ཧྥེ་ཙུའོ་དང་མཇལ་འཕྲད་གནང་བ།

(པར་ངོས་དང་པོར་མཐུད)ཕྱོགས་གཉིས་པོའི་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་གསར་པ་བསྣོན་རྒྱུ་ཡིན་ལ་ཀྲུང་གོ་ཕྱོགས་ཀྱིས་ཀྱང་སི་ལོ་ཝ་ཁེ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་གོ་དང་སི་ལོ་ཝ་ཁེའི་འབྲེལ་བར་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཞིག་བརྩམས་ཏེ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐྱོད་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཕྱོགས་བཞིའི་ཐད་ནས་ཀྲུང་གོ་དང་སི་ལོ་ཝ་ཁེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་མུ་མཐུད་ནས་སྐུལ་འདེད་གཏོང་ཆོག་པ་སྟེ། གཅིག་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་དགོས། དེ་ཡང་མཐོ་རིམ་གྱི་འགྲོ་འོང་རྒྱུན་འཁྱོངས་དང་།འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན།ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས།འདྲ་མཉམ་གྱི་ལྟ་སྟངས་འཛིན་པ།གཉིས་ཁེ་གཉིས་ཕན་བཅས་མཐའ་འཁྱོངས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བཅས་བྱེད་དགོས།གཉིས་ནས་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། དེ་ཡང་གསར་དུ་བཙུགས་པའི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གང་ལེགས་སྤྱད་དེ་ནུས་རྒྱུ་གསར་པ་དང་།འགྲིམ་འགྲུལ་དང་ཟོག་འགྲེམས།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།ཆུའི་ཐོན་ཁུངས་དོ་དམ་སོགས་ཁྱབ་ཁོངས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས།ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་སི་ལོ་ཝ་ཁེར་མ་འཇོག་བྱེད་པར་འགྲོ་རྒྱུའི་སྐུལ་ལྕག་བྱ་རྒྱུ་ཡིན་ལ་སི་ལོ་ཝ་ཁེའི་ཁེ་ལས་ཀྲུང་གོར་ཡོང་ནས་ཁྲོམ་ར་གསར་འབྱེད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། གསུམ་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས། དེ་ཡང་སྲིད་ཏང་དང་། ས་གནས།གཞོན་ནུ།རིག་མཛོད།སྨྱན་སྦྱོར་བཅས་ཀྱི་ཐད་སྤེལ་རེས་བྱས་ནས་ཁུང་ཙི་སློབ་གླིང་སོགས་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ་ཀྲུང་གོ་དང་སི་ལོ་ཝ་ཁེའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁེའི་སྤྱི་དམངས་ལ་ཉིན་བཅོ་ལྔའི་རིང་ཀྲུང་གོར་ཡོང་བའི་ཐོབ་ཐང་ལ་ཐོངས་མཆན་འགོད་མི་དགོས་པའི་གཏན་འབེབས་བྱས་ཡོད།བཞི་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། དེ་ཡང་འགྱུར་ལྡོག་དང་རྙོག་འཛིང་ཆེ་བའི་འཛམ་གླིང་གི་མདུན་དུ་ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་བྱེད་པ།མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་ལེན་དུ་བསྟར་བ་བཅས་བྱས་ནས་མིའི་རིཊ་ཀྱི་ལས་དབང་གཅིག་མཐུན་ཚོཊ་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕྱི་ལོ་ནི་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཞིག་ཡིན་པས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་དེ་འཐུས་ཚང་དང་བརྟན་པོ་ཡོད་པ་མཚོན་དགོས། སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་སྒྲིག་གཞིས་ཀྲུང་གོ་དང་ཡོ་རོབ་ཀྱི་རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོར་དགེ་མཚན་ལྡན་པ་དང་དངོས་སྒྲུབ་ཀྱི་སྲིད་ཇུས་སྤྱད་དེ་མི་མཐུན་པའི་ཆར་དོ་དམ་དང་ཚོད་འཛིན་འོས་འཚམ་བྱས་ནས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་རྒྱུ་སྔོན་འགོག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཧྥེ་ཙུའོ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུས་ཤིང་།ཁོང་གིས་སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་གྱི་སྲིད་གཞུང་གཅིག་པུ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། སི་ལོ་ཝ་ཁེ་ཕྱོགས་ཀྱིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་པ་དང་རྒྱལ་ཁབ་ཁག་གིས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ད་རེས་ང་དང་ནང་བློན་ཁོངས་མི་གལ་ཆེན་དང་ཁེ་ལས་མཁས་ཅན་མང་པོ་ཚུད་པའི་འཐུས་མི་ཚོགས་པ་འབོར་ཆེན་ཞིག་ཀྲུང་གོར་འཚམས་འདྲིར་ཡོང་དོན་ནི་སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་དང་དགེ་མཚན་ལྡན་པའི་འདུན་པ་མཚོན་པར་བྱ་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁེའི་སྤྱི་དམངས་ལ་ཉིན་བཅོ་ལྔ་ཡི་རིང་ས་མཚམས་བརྒལ་ནས་འགྲོ་ཡོང་བྱེད་པར་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།སི་ལོ་ཝ་ཁེ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས་ཕན་ཚུན་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་རྒྱུ་ཡིན་ལ་ཀྲུང་གོའི་ཁེ་ལས་དེ་བས་མང་བ་སི་ལོ་ཝ་ཁེར་མ་འཇོག་བྱེད་པར་ཡོང་ནས་ནུས་རྒྱུ་གསར་པ་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་བསྔགས་བརྗོད་བྱ་རྒྱུ་དང་ཕྱོགས་རྐྱང་པའི་རིང་ལུགས་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་མ་ཟད།ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་།གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ།མིའི་རིགས་ཡོངས་ཀྱི་བདེ་སྐྱིད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ལ་སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཀྱང་ཀྲུང་གོ་ཕྱོགས་དང་ཏང་དབར་གྱི་སྤེལ་རེས་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཡོ་རོབ་མནའ་འབྲེལ་གྱིས་གྲོས་མོལ་གྱི་ཐོག་ནས་མི་མཐུན་ས་ཐག་གཅོད་འོས་འཚམ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཕྱོགས་གཉིས་པོས་ད་དུང་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་འཛིན་པའི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་ཡོད་ཅིང་།སི་ལོ་ཝ་ཁེ་ཕྱོགས་ཀྱིས་དོན་དངོས་དང་མཐུན་པ་དང་། དཔྱོད་ཤེས།གཞུང་དྲང་བཅས་ཀྱི་རྣམ་འགྱུར་འཛིན་པར་བསྔགས་བརྗོད་བྱ་རྒྱུ་དང་སི་ལོ་ཝ་ཁེ་དང་བློ་སེམས་གཅིག་མཐུན་གྱི་རྒྱལ་ཁབ་དེ་བས་མང་བས་ཀྲུང་གོ་དང་མཉམ་དུ་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།ཧྥེ་ཙུའོ་ཡིས་ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་འཛིན་པའི་ཀྲུང་གོའི་ལངས་ཕྱོགས་གཞུང་དྲང་ལུགས་མཐུན་དང་དགེ་མཚན་ལྡན་པའི་རང་བཞིན་ལྡན་ཡོད།སི་ལོ་ཝ་ཁེ་ནས་ཡུག་རེན་གྱི་ཉམས་ཉེན་གྱི་ཞི་བདེའི་གྲོགས་པོའི་ཚོགས་ཆུང་ནང་ཞུགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཀྱི་ཐོག་ནས་ཉམས་ཉེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

མཇལ་འཕྲད་གནང་གྲུབ་རྗེས། ཕྱོགས་གཉིས་པོས《འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སི་ལོ་ཝ་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-03 6 6 拉萨日报藏文 c190342.html 1 ཞི་ཅིན་ཕིང་གིས་སི་ལོ་ཝ་ཁེའི་སྲིད་བློན་ཧྥེ་ཙུའོ་དང་མཇལ་འཕྲད་གནང་བ། /enpproperty-->