ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10པའི་ཚེས་31ཉིན། གུང་གཞོན་སྡེ་ཚོགས་ཁྲེང་ཀོན་ཆུས་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་རྡོ་ཐ་ཀུང་སི་ལྷ་ས་གྲོང་ཁྱེར་ཀུང་སིའི་ལས་དོན་པ་ཁྲེང་ཀོན་ཆུས་དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་ལྟེ་གནས་སུ་བསྐྱོད་དེ་བདེ་ཐང་སླར་གསོའི་བྱིས་པར་གཅེས་སྐྱོང་བྱེད་པའི་བྱེད་སྒོ་སྤེལ་ནས་གཅེས་སེམས་དང་དྲོ་སྐྱིད་དམིགས་བསལ་བྱིས་པའི་སེམས་ནང་སྦྱིན་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་བོད་རང་སྐྱོང་ལྗོངས་རྡོ་ཐ་ཀུང་སི་ལྷ་ས་གྲོང་ཁྱེར་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ཁྲེང་ཀོན་ཆུས་དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་ལྟེ་གནས་ཀྱིས་བདེ་ཐང་སླར་གསོ་དང་ལེན་བྱེད་མཁན་བྱིས་པར་ཆེད་ལས་ཀྱི་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས་ཚུལ་ཐད་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་དང་སྤྲོ་སྣང་ལྡན་པའི་ངང་བདེ་ཐང་སླར་གསོ་ཡོང་བ་སོགས་ཀྱི་འདུན་པ་བཟང་པོ་མཚོན་པའི་འཚམས་འདྲིའི་ཅ་དངོས་ཕྲུ་གུ་ཚོར་སྤྲད་པ་རེད། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱི་ཅུས་ཀྲང་གཞོན་པ་ཙོའུ་ཀྲེན་ཧྥང་གིས། ལྷ་སའི་རྡོ་ཐ་ནི་གཞུང་ཁོངས་ཁེ་ལས་ཤིག་ཡིན་པའི་ངོས་ནས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ལ་སྔ་ཕྱི་བར་གསུམ་དུ་དོ་ཁུར་བྱེད་ཀྱི་ཡོད། དུས་འགོར་ང་ཚོས་སྡེ་ཁུལ་དང་འབྲེལ་མཐུད་བྱས་པས། འདི་གར་དམིགས་བསལ་གྱི་བྱིས་པ་ཡོད་པ་ཤེས་རྟོགས་བྱུང་། དེ་རིང་། ང་ཚོས་སྲིང་བལ་གྱི་གྱོན་གོས་དང་ཇ་ཕོར་གྱི་རྔན་པ་ཁྱེར་ནས་ཕྲུ་གུ་ཚོར་ལྟ་བར་ཡོང་བ་ཡིན། ང་ཚོས་གཞུང་ཁོངས་ཁེ་ལས་ཀྱི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཐབས་བྱས་ཡོད་ཅེས་བཤད།
གཞན་ཡང་། ཡུལ་དངོས་སུ་ད་དུང་བོད་ལྗོངས་སློབ་ཆེན་ནས་ཡིན་པའི་སློབ་ཆེན་སློབ་མའི་དང་བླངས་པ་དང་ཁྲེང་ཀོན་ཆུས་ཀྱི་གཞོན་ནུ་དང་བླངས་པ་ཁག་ཅིག་ཡོད་པ་དེ་དག་གིས་ཕྲུ་གུ་ཚོར་རྩེད་མོ་རྩེ་རོགས་དང་བདེ་ཐང་སླར་གསོའི་སྦྱོང་བརྡར་བྱེད་རོགས་བྱེད་པ་སོགས་བྱས་པ་བརྒྱུད། ཕྲུ་གུ་ཚོའི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་སོང་ནས་འཚོ་བར་འོད་སྣང་སྦྱིན་ཡོད། སློབ་གྲྭ་ཆེན་མོའི་དང་བླངས་པ་ཞང་ཆི་ཡོན་གྱིས། ང་ཚོ་གཟའ་མིག་དམར་དང་། གཟའ་ལྷག་པ། གཟའ་ཕུར་བུ་བཅས་ཚང་མར་འདི་གར་དང་བླངས་བྱེད་སྒོ་སྤེལ་བར་ཡོང་གི་ཡོད། འདི་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་བྱ་བ་ཞིག་ཡིན་པས། ཕྲུ་གུ་འདི་དག་ལ་རོགས་རམ་ཡག་པོ་བྱེད་ཐུབ་ཀྱི་ཡོད། ཁོང་ཚོ་བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོ་དེས་ཕྲུ་གུ་ཚོར་དངོས་པོའི་ཐོག་ནས་སེམས་ཁུར་བྱས་པར་མ་ཟད། བསམ་པའི་ཐོག་ནས་ཀྱང་སྐུལ་ལྕག་དང་སེམས་གསོ་བྱས་ཏེ། ཁོང་ཚོར་སྤྱི་ཚོགས་ཀྱི་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་དང་གཅེས་སེམས་ཚོར་ཐུབ་པར་བྱས་ཡོད། ཁྲེང་ཀོན་ཆུས་དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཁུར་བ་ཏེང་ཅུན་གྱིས། ཕྱིས་འབྱུང་། ང་ཚོས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་ཐང་སླར་གསོའི་དགོས་མཁོ་ཡོད་པའི་ཕྲུ་གུ་དེ་བས་མང་བར་བདེ་ཐང་སླར་གསོའི་སྦྱོང་བརྡར་བྱས་ཏེ། ཁྱིམ་ཚང་དེ་བས་མང་བར་གཅེས་སེམས་ཐོབ་པ་དང་། ཕྲུ་གུ་ཚོ་དྲོ་འཇམ་གྱི་ཉི་འོད་འོག་འཚར་ལོངས་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
(བཀྲ་ཤིས་ཕུན་ཚོགས་ཀྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社