(པར་ངོས་དང་པོར་མཐུད)ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུའི་ལྟེ་གནས་སུ་བརྟག་ཞིབ་གནང་སྐབས་བཏོན་པའི་ལས་ཀའི་བླང་བྱ་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ལྷག་པར་དུ་སྨན་བཅོས་སྒྲིག་གཞིས་སྤྱི་ཚོགས་ཕན་བདེའི་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས། དམིགས་བསལ་ཚོགས་སྤྱིར་དེ་བས་ཆེད་ལས་དང་། ཚན་རིག ཞིབ་ཚགས་བཅས་ཀྱི་སྨན་བཅོས་དང་བདེ་ཐང་སླར་གསོའི་ཞབས་ཞུ་མཁོ་འདོན་བྱ་ཆེད། གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུའི་ལྟེ་གནས་ཀྱིས་དོན་འཁྱོལ་ཧུར་ཐག་བྱས་ཤིང་། གསོ་བཅོལ་ཞབས་ཞུའི་རྣམ་པ་ལེགས་སུ་བཏང་བ་བརྒྱུད་དབང་པོ་སྐྱོན་ཅན་གྱི་སྐྱིད་པའི་འཚོ་བ་བཏོད་ཡོད།
གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་པ་སངས་སྒྲོལ་མས། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུའི་ལྟེ་གནས་སུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལས་མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། ང་ཚོས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་གཞིར་བཟུང་། གསོ་བཅོལ་ཞབས་ཞུའི་རྣམ་པ་ལེགས་སུ་བཏང་སྟེ། ཆེད་ལས་ཅན་གྱི་འཛུགས་སྐྲུན་འདེགས་སྐྱོར་དུ་བྱས་ནས་སྨན་བཅོས་སྒྲིག་གཞིའི་རྒྱབ་སྐྱོར་ནང་འདྲེན་བྱེད་པ་དང་། རྣམ་གྲངས་རྣམ་པའི་དོ་དམ་དམ་འཛིན་བྱ་གཞིར་བྱས་ནས་ཞོར་འདེགས་རང་བཞིན་གྱི་ལས་ཞུགས་བཏོད་དེ་གསོ་བཅོལ་བྱ་ཡུལ་རང་ངོས་འཚར་ལོངས་ཡོང་བར་བྱས་ནས་རང་ངོས་ཀྱི་རིན་ཐང་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད། དེ་དང་ཆབས་ཅིག ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་གནང་སྐབས་བཏོན་པའི་མི་གཤིས་ཅན་གྱི་ཞབས་ཞུའི་འདུ་ཤེས་ཁྱབ་གདལ་དུ་བཏང་ནས་གཅེས་སེམས་དང་། ཞིབ་ཚགས། ངང་རྒྱུད་རིང་པོ། སེམས་ནུས་བཅས་ཀྱི་ཐོག་ནས་དམིགས་བསལ་ཚོགས་སྤྱིར་ཞབས་འདེགས་ཞུས་པས། དམིགས་བསལ་མི་ཚོགས་ཚང་མར་ལྟ་རྟོག་དང་བརྩི་འཇོག་ཡག་པོ་ཐོབ་པར་མ་ཟད། གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུའི་ལྟེ་གནས་ཀྱི་ཞབས་ཞུ་བ་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད།
གསོ་བཅོལ་ཞབས་ཞུའི་ལྟེ་གནས་ཀྱི་སྐལ་བཟང་བདེ་སྐྱིད་ཀྱིས། བསྙེན་བཀུར་པ་དང་ལག་ཤེས་དགེ་རྒན་གཅིག་ལྕོགས་ཡིན་པའི་ངོས་ནས་ངས་སྔར་བཞིན་གསོ་བཅོལ་བྱ་མིའི་འཚོ་བ་སྐྱེལ་སྟངས་ལ་སེམས་ནུས་ཡོད་རྒུས་ལྟ་རྟོག་ཡག་པོ་བྱ་རྒྱུ་ཡིན་ལ། བདེ་ཐང་སླར་གསོའི་ཞབས་འདེགས་ཡག་པོ་ཞུས་ནས་ནང་མི་དང་འདྲ་བར་གསོ་བཅོལ་བྱ་ཡུལ་ལ་ལྟ་རྟོག་ཡག་པོ་བྱས་ཏེ། ཁོང་ཚོར་ལྟ་རྟོག་ཡག་ཤོས་ཐོབ་པར་བྱ་རྒྱུ་ཡིན་ཞེས་བཤད།
གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ལས་འཛིན་དཔོན་གཞོན་པ་སྐལ་བཟང་གིས། གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་ལེན་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས། བདེ་ཐང་སླར་གསོ་དང་། སློབ་གསོ། ལས་ཞུགས། རིག་གནས་ལུས་རྩལ། གསོ་བཅོལ་ལྟ་སྐྱོང་སོགས་ཀྱི་ཐད་དབང་པོ་སྐྱོན་ཅན་གྱི་གཅེས་སྐྱོང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བ། ཞབས་ཞུ་མཁོ་སྤྲོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་དུ་རྒྱ་ཆེའི་དབང་པོ་སྐྱོན་ཅན་རྣམས་ལ་གོ་སྐབས་སྔར་ལས་མང་བ་བསྐྲུན་ནས་ཁོང་ཚོའི་ཡིད་ཆེས་དང་རེ་སྒུག་སྟོང་ཟད་དུ་མི་འགྲོ་བར་བྱ་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社