分享按钮

2024ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དངུལ་རྩའི་འཁོར་རྒྱུག་གི་རྣམ་པ་ཡག་པོ་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་30ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ནས་བཟུང་། རང་ལྗོངས་ཀྱི་དངུལ་རྩའི་སྤྱི་འབོར་མགྱོགས་མྱུར་ངང་མུ་མཐུད་འཕར་བ་དང་། དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོའི་ངང་ཆག་པ། ས་ཁང་བདག་ཁོངས་ཀྱི་དངུལ་བུན་བརྟན་པོའི་ངང་འཕར་བ་བཅས་བྱུང་ནས་ལྗོངས་ཡོངས་ཀྱི་དངུལ་རྩའི་འཁོར་རྒྱུག་གི་རྣམ་པ་ཡག་པོ་བྱུང་ཡོད་པ་རེད།

གསར་འགྱུར་མགྲིན་ཚབ་པ་དང་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཨུ་ཡོན་དང་ཧང་ཀྲང་གཞོན་པ་ཡིན་པའི་ལིའུ་ཅ་རུང་གིས་ཟླ་9པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་མ་རྩ་བསྡུ་སྒྲིལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར་9429.41ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་20.78འཕར་ཞིང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་12.78ཀྱིས་མཐོ་བ་ཡོད། ལྗོངས་ཡོངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6781.45ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་13.83འཕར་ནས་ཟླ་14ཡི་རིང་བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཅིང་། ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་GDPའཕར་ཚད་ལས་བརྒྱ་ཆའི་གྲངས་7.63གྱིས་མཐོ་བ་ཡོད་པ་རེད། ཟླ་9པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1618.01ཟིན་པ་དེས་ལྗོངས་ཡོངས་ཀྱི་དངུལ་བུན་སྤྱི་འབོར་གྱི་བརྒྱ་ཆ་24ཟིན་ཡོད། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1509.24ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་32.86འཕར་ཞིང་། དངུལ་བུན་ཁག་གི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་19.03གྱིས་མཐོ་བ་ཡོད་པ་རེད། ལྗོངས་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཕན་པ་ཐོབ་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་459.67ཟིན་པ། འབྱུང་འཕྲོད་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1522.78ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་39.65འཕར་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རིགས་ཀྱི་དངུལ་བུན་ལྷག་གྲངས་དུས་མཚུངས་ལས་བརྒྱ་ཆ་20.7འཕར་བ། ཟླ་9པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་ས་ཁང་བདག་ཁོངས་ཀྱི་དངུལ་བུན་ལྷག་གྲངས་དུས་མཚུངས་ལས་བརྒྱ་ཆ་13.44འཕར་ཡོད་པ་རེད། དེའི་ནང་མི་སྒེར་གྱི་ཁང་པ་ཉོ་བའི་དངུལ་བུན་ལྷག་གྲངས་དུས་མཚུངས་ལས་བརྒྱ་ཆ་19.97འཕར་ནས་འཕར་ཚད་བརྟན་པོའི་ངང་ཚོད་འཛིན་ཐུབ་པ་དང་། ཟླ་དང་པོ་ནས་དགུ་པའི་བར་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིས་གསར་དུ་དངུལ་བུན་བཏང་བའི་སྤྱིར་བཏང་གི་ཚོང་ལས་རང་བཞིན་གྱི་དངུལ་བུན་གྱི་རྩིས་ཐང་བསྐོར་བའི་ཆ་སྙོམས་ཀྱི་སྐྱེད་ཀ་བརྒྱ་ཆ་1.76ཟིན་པ་དེ་དུས་མཚུངས་ལས་BP14ཆག་ཡོད་པ་རེད།

གཞན་ཡང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་དང་འབྲེལ་བའི་གཏོང་ཡོང་ཐད་ཨ་སྒོར་དུང་ཕྱུར་3.99ཟིན་ཡོད་པ་རེད། ལྷག་པར་དུ་གཏོང་སྤྲོད་སྟབས་བདེ་ཅན་གྱི་བྱེད་ཐབས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་བརྒྱུད་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་ཨ་སྒོར་ཁྲི་2935ཟིན་པ་དེ་དུས་མཚུངས་ལས་ལྡབ་1.75འཕར་ཡོད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-02 6 6 拉萨日报藏文 c190316.html 1 2024ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དངུལ་རྩའི་འཁོར་རྒྱུག་གི་རྣམ་པ་ཡག་པོ་བྱུང་བ། /enpproperty-->