རྒྱལ་སྤྱིའི་གསེར་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཨང་སི་རེར་ཨ་སྒོར་2800ལས་བརྒལ་བའི་སྐབས་སུ་འཛམ་གླིང་གསེར་གྱི་མཐུན་ཚོགས་ཀྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ནང་གོ་ལ་ཧྲིལ་པོའི་གསེར་གྱི་དགོས་མཁོ་དེ་ད་ལོའི་དུས་ཚིགས་གསུམ་པར་ཨ་སྒོར་དུང་ཕྱུར་1000ལས་ཐོག་མར་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ཅེས་འཁོད་ཡོད།
ཨ་རིའི་ཉིའུ་གཡོད་ཚོང་ཟོག་ཉོ་ཚོང་ཁང་གི་ཟླ་12པའི་གསེར་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཉིན་30ཡི་ནང་སྐབས་ཤིག་རིང་བརྒྱ་ཆ་0.69འཕར་ནས་ཨང་སི་རེར་ཨ་སྒོར་2800.2བར་ཟིན་ཡོད།
ཉིན་དེར། འཛམ་གླིང་གསེར་གྱི་མཐུན་ཚོགས་ཀྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ནང་གོ་ལ་ཧྲིལ་པོའི་གསེར་གྱི་དགོས་མཁོའི་དངུལ་འབོར་དུས་ཚིགས་གསུམ་པར་དུས་མཚུངས་ལས་བརྒྱ་ཆ་35འཕར་ནས་ཨ་སྒོར་དུང་ཕྱུར་1000ལས་ཐོག་མར་བརྒལ་བ་དང་། ལྗིད་ཚད་དུས་མཚུངས་ལས་བརྒྱ་ཆ་5ནས་ཏུན་1313བར་འཕར་ནས་ཟིན་ཐོ་གཅིག་མཚུངས་བཏོད་ཡོད་ཅེས་འཁོད་ཡོད།
འཛམ་གླིང་གསེར་གྱི་མཐུན་ཚོགས་ཀྱི་གོ་ལ་ཧྲིལ་པོའི་ཞིབ་འཇུག་གི་ལས་བགོས་འགན་གཉེར་བྱེད་མཁན་ཧུའུ་ཨན·ཁ་ལུའོ་སི·ཨ་ཏི་ཅ་སིས། ཨ་རིའི་ཁྲོམ་རའི་ལྟ་ཞིབ་དྲ་ཚིགས་ལ་དུས་ཚིགས་གསུམ་པའི་གསེར་གྱི་དགོས་མཁོར་མ་འཇོག་མཁན་གྱི་འདེགས་སྐྱོར་ཐོབ་པ་དང་། ལྷག་དོན་དུ་ནུབ་ཕྱོགས་ཁྲོམ་རའི་མ་འཇོག་མཁན་གྱིས་སྐྱེད་ཚད་ཆག་པ་དང་ས་བབ་ཐད་ཀྱི་ཉེན་ཁ་རྒྱུན་མཐུད་ལ་ཁ་གཏད་གཅོག་དགོས་ཞེས་བཤད།
འཛམ་གླིང་གསེར་གྱི་མཐུན་ཚོགས་ཀྱིས། ཞིབ་བགོས་ཀྱི་དགོས་མཁོའི་ཁྱབ་ཁོངས་ཁྲོད་གསེར་གྱི་མ་འཇོག་དགོས་མཁོ་དེ་དུས་ཚིགས་གསུམ་པར་དུས་མཚུངས་ལས་བརྒྱ་ཆ་132ནས་ཏུན་364.1བར་འཕར་བ་དེ་2022ལོའི་དུས་ཚིགས་དང་པོ་ནས་བཟུང་དུས་ཚིགས་རྐྱང་པའི་མ་འཇོག་གི་དགོས་མཁོ་ཆེ་ཤོས་དེ་རེད་ཅེས་བཤད།
མཐུན་ཚོགས་དེས་ས་བབ་ཐད་ཀྱི་ཆབ་སྲིད་ཉེན་ཁས་ནུབ་ཕྱོགས་ཀྱི་མ་འཇོག་མཁན་གྱིས་གསེར་ཉོ་རྒྱུར་མུ་མཐུད་སྐུལ་མ་ཐེབས་ནས་མ་དངུལ་འབོར་ཆེན་གོ་ལ་ཧྲིལ་པོའི་གསེར་ཉོ་ཚོང་གི་སྒོ་དབྱེའི་རྣམ་པའི་སྟོན་གྲངས་ཐེབས་རྩར(གསེར་ETF)བཏང་བ་དང་། གསེར་ETFདང་ཕྱི་ཕྱོགས་ཀྱི་ཉོ་ཚོང་གི་དགོས་མཁོ་ཆེན་པོ་ནི་དུས་ཚིགས་གསུམ་པའི་གསེར་གྱི་དགོས་མཁོར་ཡར་སྐུལ་བྱེད་པའི་འགུལ་ནུས་གཙོ་བོ་ཞིག་རེད། དུས་ཚིགས་9བསྟུད་མར་མ་དངུལ་ཕྱིར་གཏོང་བྱས་རྗེས་གསེར་ETFཡི་དུས་ཚིགས་གསུམ་པའི་མ་དངུལ་ནང་འདྲེན་བྱས་ནས་གསེར་ཏུན་94.6ཉོ་ཐུབ་ཀྱི་ཡོད་ཅེས་བཤད།
གྲངས་གཞི་ལས་མངོན་པར་གཞིགས་ན། རྒྱ་གར་གྱི་གསེར་གྱི་མ་འཇོག་དགོས་མཁོ་དེ་དུས་ཚིགས་གསུམ་པར་དུས་མཚུངས་ལས་བརྒྱ་ཆ་41ནས་ཏུན་76.7བར་འཕར་ཡོད། གཞན་ཡང་གོ་ལ་ཧྲིལ་པོའི་ཀྲུང་དབྱང་དངུལ་ཁང་གི་གསེར་གྱི་ཉོ་སྒྲུབ་ནུས་པ་སྔར་བཞིན་ཆེན་པོ་ལྡན་ཡོད། ད་ལོ་ནས་བཟུང་གོ་ལ་ཧྲིལ་པོའི་ཀྲུང་དབྱང་དངུལ་ཁང་གིས་གསེར་ཏུན་694ཉོས་ཡོད་མོད། འོན་ཀྱང་གྲངས་གཞི་དེ་2023ལོ་ལས་དམའ་བ་ཡོད།
དེ་དང་དུས་མཚུངས་གོ་ལ་ཧྲིལ་པོའི་ཀྲུང་དབྱང་དངུལ་ཁང་གི་དུས་ཚིགས་གསུམ་པའི་གསེར་གྱི་དགོས་མཁོ་ཏུན་186.2བར་ཉུང་དུ་ཕྱིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་49ཆག་ཡོད། ཕོ་ལན་དང་ཧང་ག་རིའི་ཀྲུང་དབྱང་དངུལ་ཁང་དུས་ཚིགས་དེར་གསེར་ཉོ་མཁན་ཆེ་ཤོས་སུ་ཡིན་པ་དང་། ཨ་ཏི་ཅ་སིས་འཛམ་གླིང་གསེར་གྱི་མཐུན་ཚོགས་ཀྱིས་ད་ལྟ་ཤེས་རྟོགས་བྱུང་མེད་ལ་སྔོན་དཔག་ལྟར་གསེར་འབོར་ཆེན་ཕྱིར་ཚོང་བྱེད་རྩིས་མེད། འོན་ཀྱང་ཀྲུང་དབྱང་དངུལ་ཁང་ཁག་གཅིག་གིས་འཐབ་རྩལ་རང་བཞིན་གྱི་ཐོག་ནས་གསེར་གྱི་རིན་གོང་མགྱོགས་མྱུར་འཕར་བའི་རིང་ཉོ་སྒྲུབ་ནར་འགྱངས་བྱེད་སྲིད་ཅེས་བཤད།
ཨ་རིའི་ཏའོ་ཆུང་སི་ཀུང་སིའི་ཁྲོམ་རའི་གྲངས་གཞི་པུས་བསྡོམས་རྩིས་བྱས་པར་གཞིགས་ན། ཚེས་29ཉིན་བར་རྒྱལ་སྤྱིའི་གསེར་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ད་ལོ་ནས་བཟུང་ཟིན་ཐོ་གསར་པ་ཐེངས་37བཏོད་ཡོད།(ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་དམིགས་མ་ཡིག)
(བྱམས་པ་ཚེ་རིང་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社