分享按钮

སེམས་དྲོད་ཀུང་སིས་རྨང་གཞིའི་སྒྲིག་བཀོད་ཀྱི་སྒྱུར་བཀོད་ལས་གྲྭར་ནུས་ཤུགས་ཡོད་རྒུས་གཞོགས་འདེཊ་བྱས་ནས་གྲོང་མིའི་རང་བྱུང་འབར་རླངས་བདེ་འཇགས་དང་བརྟན་པོ་ཡོང་བར་འགན་ལེན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་གྲོང་གི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་དང་སྒྱུར་བཀོད་ཀྱི་ལས་གྲྭ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། གྲོང་ཁྱེར་གྱི་ནུས་པ་དང་གྲོང་མིའི་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིས(གཤམ་དུ་སེམས་དྲོད་ཀུང་སི་ཞེས་བསྡུ་རྒྱུ)གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་སྒྱུར་བཀོད་ལས་གྲྭར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ། གྲོང་མིའི་རང་བྱུང་འབར་རླངས་བདེ་འཇགས་དང་བརྟན་པོ་ཡོང་བར་འགན་ལེན་བྱས་ཡོད།

སྒྱུར་བཀོད་བྱེད་རིང་གི་འབར་རླངས་མདོང་ལམ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱ་ཆེད། སེམས་དྲོད་ཀུང་སིས་འཐབ་ཕྱོགས་མདུན་མའི་ལས་དོན་པ་40ལྷག་ཙམ་ཆེད་མངགས་བཀོད་སྒྲིག་བྱས་ཏེ། ཆུ་ཚོད་24ཡི་རེས་མོས་ལྟ་སྲུང་ལམ་ལུགས་ལག་བསྟར་བྱས་པ་རེད། བྱ་ཐབས་དེའི་དམིགས་ཡུལ་ནི་ཨར་སྐྲུན་ཁྲོད་ཐོན་སྲིད་པའི་འབར་རླངས་མདོང་ལམ་ལ་སྐྱོན་ཤོར་བའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་འབྲེལ་ཉམས་གསོ་བྱས་ཏེ། མདོང་ལམ་ལ་སྐྱོན་ཤོར་བའི་དབང་གིས་གྲོང་མིས་འབར་རླངས་སྤྱོད་དཀའ་བའི་གནད་དོན་མི་ཐོན་པར་བྱ་ཆེད་དེ་རེད།

གསར་འགོད་པར་ཨར་ལས་བྱ་ཡུལ་དུ་སེམས་དྲོད་ཀུང་སིའི་ལས་དོན་པས་ཨར་ལས་ཀྱི་འཕེལ་རིམ་ལ་དོ་ཁུར་ཟབ་མོ་བྱེད་བཞིན་པ་མཐོང་ཡོད། ཁོང་ཚོས་ལུས་ལ་ལས་གོས་གྱོན་པ་དང་ལག་ཏུ་ཞིབ་དཔྱད་ཚད་ལེན་ཡོ་བྱད་ཁྱེར་ནས་འབར་རླངས་མདོང་ལམ་ལ་རྒྱུན་ཆད་མེད་པར་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད། རྒྱུན་གཏན་དང་མི་འདྲ་བའི་གནས་ཚུལ་ཐོན་མ་ཐག་ལས་དོན་པས་འཕྲལ་མར་གོང་ཞུ་བྱེད་པ་དང་འབྲེལ་འཕྲལ་སྡོམ་སྔོན་ཇུས་འཕྲལ་མར་ལག་བསྟར་བྱས་ཏེ། དུས་ཚོད་ཐུང་ཤོས་ནང་སྐྱོན་ཤོར་བའི་མདོང་ལམ་ལ་ཉམས་གསོ་དང་གྲོང་མིས་རྒྱུན་གཏན་ལྟར་རང་བྱུང་འབར་རླངས་སྤྱོད་ཐུབ་པར་བྱེད་ཀྱི་ཡོད།

སྐོར་ཞིབ་བྱེད་བཞིན་པའི་ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཚ་ནུས་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་སྐྱེད་སྐྱེལ་འདྲེན་པུའི་ལས་དོན་པ་སྤེན་པ་ཚེ་རིང་ཆུང་བས། ང་ཚོས་དུས་རྒྱུན་ཨར་ལས་དང་ལམ་དུམ་ཁག་ལ་སྐོར་ཞིབ་ཐེངས་མང་བྱེད་ཀྱི་ཡོད། དགོང་མོར་ཡང་ལས་རེས་མི་སྣ་དང་ཨར་ལས་ཚན་པས་གཞོགས་འདེགས་དམ་ཟབ་བྱས་ཏེ། འབར་རླངས་མདོང་ལམ་གྱི་གནས་ཡུལ་དང་ཁ་ཕྱོགས་གསལ་སྟོན་གྱིས་ཨར་ལས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།

གཞན་ཡང་། སེམས་དྲོད་ཀུང་སིས་ད་དུང་ཨར་སྐྲུན་ཚན་པ་དང་འབྲེལ་ཡོད་ཚན་པའི་དབར་འབྲེལ་གཏུགས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་ཨར་ལས་ཇུས་གཞི་དང་འཕྲལ་སྡོམ་སྔོན་ཇུས་ཐུན་མོང་ཐོག་བཟོས་ཡོད། ཨར་ལས་བྱེད་རིང་། ཨར་ལས་ཀྱི་འཕེལ་རིམ་ལ་དོ་ཁུར་ཟབ་མོ་བྱེད་པ་དང་དུས་ཐོག་ཏུ་ལྟ་སྐྱོང་གི་ཐབས་ཇུས་ལེགས་སྒྲིག་བྱས་ཏེ། འབར་རླངས་མདོང་ལམ་གྱི་བདེ་འཇགས་འཁོར་སྐྱོད་ལ་ཤུགས་རྐྱེན་ངན་པ་མི་ཐེབས་པའི་འགན་ལེན་བྱེད་ཀྱི་ཡོད། ཕྱིས་འབྱུང་། སེམས་དྲོད་ཀུང་སིས་མུ་མཐུད་ནས་བདེ་འཇགས་ཨང་དང་པོར་འཇོག་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གྲོང་མིས་རང་བྱུང་འབར་རླངས་སྤྱོད་པའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-01 6 6 拉萨日报藏文 c190289.html 1 སེམས་དྲོད་ཀུང་སིས་རྨང་གཞིའི་སྒྲིག་བཀོད་ཀྱི་སྒྱུར་བཀོད་ལས་གྲྭར་ནུས་ཤུགས་ཡོད་རྒུས་གཞོགས་འདེཊ་བྱས་ནས་གྲོང་མིའི་རང་བྱུང་འབར་རླངས་བདེ་འཇགས་དང་བརྟན་པོ་ཡོང་བར་འགན་ལེན་བྱས་པ། /enpproperty-->