分享按钮

འདམ་གཞུང་རྫོང་སྒྱུ་རྩལ་ཚོགས་པས་མི་དམངས་ཀྱི་ཁྲོད་དུ་གཞི་ཚུགས་ནས་དུས་རབས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་པ།

“རིག་རྩལ་ནི་དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་ཡིན་པས། དུས་རབས་གཅིག་གི་ཉམས་འགྱུར་མཚོན་ཐུབ་ལ་དུས་རབས་གཅིག་གི་དར་སྲོལ་ལ་སྣེ་ཁྲིད་ཀྱང་བྱེད་ཐུབ”2024ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད། ལོ་བཅུའི་རིང་། འདམ་གཞུང་རྫོང་གི་རྒྱ་ཆེའི་རིག་རྩལ་ལས་དོན་པས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ། འཚོ་བར་ཟབ་འཇུག མི་དམངས་ཁྲོད་དུ་གཞི་ཚུགས་པ་བཅས་བྱས་ཏེ། རིག་རྩལ་གསར་རྩོམ་དང་། རིག་རྩལ་བྱེད་སྒོ། དམངས་ཕན་རིག་རྩལ་སོགས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

1975ལོར་བཙུགས་པའི་འདམ་གཞུང་རྫོང་སྒྱུ་རྩལ་ཚོགས་པ་ནི་བོད་བྱང་ཐང་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཞིག་ཡིན་ལ། བོད་ཀྱི་ཅུང་སྔ་བའི་སྒྱུ་རྩལ་ཚོགས་པ་ཞིག་ཀྱང་རེད། དུས་རབས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་འདམ་གཞུང་རྫོང་སྒྱུ་རྩལ་ཚོགས་པ་དེ་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཞིང་། 2023ལོའི་བར་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དེར་འཁྲབ་སྟོན་པ་ཁྱོན་40ཡོད།

འདམ་གཞུང་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་རྒྱལ་མཚན་གྱིས། ང་ནི་2020ལོའི་ཟླ་5པར་ལས་ཀར་ཞུགས་པ་ཡིན། ང་ཚོས་སྔ་དྲོར་གཞི་རྩའི་རྩལ་ནུས་སྦྱོང་བ་དང་ཕྱི་དྲོར་ཞབས་བྲོ་སྦྱོང་གི་ཡོད་པར་མ་ཟད། ཤང(གྲོང་རྡལ)ཁག་ཏུ་འཁྲབ་སྟོན་བྱེད་པར་སྐྱོད་ཀྱི་ཡོད། དེ་བཞིན་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་དང་དེ་བཞིན་ལྗོངས་ཕྱིར་འཁྲབ་སྟོན་བྱེད་པར་བསྐྱོད་དེ་ང་ཚོའི་འདམ་གཞུང་གི་ཁྱད་ལྡན་ཞབས་བྲོ་ལྟད་མོ་བ་དེ་བས་མང་བའི་སྤྱན་ལམ་དུ་བཤམས་ཀྱི་ཡོད་ཅེས་བཤད།

འདམ་གཞུང་རྫོང་སྒྱུ་རྩལ་ཚོགས་པར་འཁྲབ་སྟོན་པས《གནམ་མཚོའི་དུས་བཞིའི་འབྲོག་གླུ》ནང་སྦྱོང་བྱེད་བཞིན་ཡོད། 《གནམ་མཚོའི་དུས་བཞིའི་འབྲོག་གླུ》ཞེས་པ་དེས་གནམ་མཚོའི་ངོགས་སུ་ཐོན་པའི་མི་སེམས་འགུལ་བའི་བརྩེ་དུང་གི་གཏམ་རྒྱུད་གཙོ་རྐང་དུ་བྱས་ཤིང་། གནམ་མཚོའི་ངོགས་ཀྱི་འབྲོག་པའི་རིག་གནས་དང་འབྲི་གཡག་གི་སྙིང་སྟོབས་བླ་སྲོག་ཏུ་བྱས་ཏེ། ཉམས་མེད་ཀྱི་ཚེ་སྲོག་དང་སྐྱིད་པའི་འཚོ་བར་བསྟོད་གླུ་བླངས་ནས་མི་དེ་བས་མང་བས་སྲོལ་རྒྱུན་རིག་གནས་ཤེས་རྟོགས་ཐུབ་པར་བྱས་ཡོད། པེ་ཅིང་གི་བོད་སྐྱོར་གྲུབ་འབྲས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལོ་མང་པོར་བསྟུད་མར་རྒྱལ་ཡོངས་སུ་སྐོར་འཁྲབ་བྱས་པ་རེད།

《གནམ་མཚོའི་དུས་བཞིའི་འབྲོག་གླུའི》འཁྲབ་སྟོན་པ་སྒྲོལ་མ་ལྷ་འཛོམས་ཀྱིས།《གནམ་མཚོའི་དུས་བཞིའི་འབྲོག་གླུ》དེ་ཁག་དྲུག་ལ་དབྱེ་ཡོད་པ་དང་།དེའི་མི་སྣ་གཙོ་བོ་ཕོ་མོ་གཉིས་ཐོག་མར་ངོ་འཕྲད་ཅིང་། བར་དུ་འདྲིས་པ། ཐ་མར་མཛའ་ཞིང་བརྩེ་བར་གྱུར་པའི་འགྱུར་ལྡོག་ལ་དམིགས་ནས་འཁྲབ་སྟོན་བྱས་ཡོད་ཅིང་། འདམ་གཞུང་འབྲོག་ཁུལ་གྱི་དུས་བཞིའི་འགྱུར་ལྡོག་དང་ཕན་ཚུན་ཟུང་འབྲེལ་བྱས་ནས་འཚོ་བར་དགའ་ཞེན་བྱེད་པའི་འབྲོག་པའི་སེམས་པ་བཟང་པོར་བསྔགས་བརྗོད་བྱས་ཡོད། ད་ལོར། ང་ཚོས་ད་དུང་པེ་ཅིང་དང་།དབྱང་ཀྲུའུ། ཧུའུ་ཧོ་ཧའོ་ཐེ་བཅས་སུ་སྐོར་སྐྱོད་འཁྲབ་སྟོན་བྱས་ཡོད་ཅེས་བཤད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-01 6 6 拉萨日报藏文 c190282.html 1 འདམ་གཞུང་རྫོང་སྒྱུ་རྩལ་ཚོགས་པས་མི་དམངས་ཀྱི་ཁྲོད་དུ་གཞི་ཚུགས་ནས་དུས་རབས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་པ། /enpproperty-->