ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་10ཚེས་23ཉིན་ནི་བ་མོ་བབས་པའི་དུས་ཚིགས་ཤིག་ཡིན་ཞིང་།དེ་ནི་སྟོན་དུས་ཀྱི་དུས་ཚིགས་མཐའ་མ་དེ་ཡིན་ལ་སྟོན་དུས་ནས་དགུན་དུས་བར་གྱི་དུས་ཚིགས་ཤིག་ཀྱང་ཡིན།དེའི་ཐོག་ནས་གནམ་གཤིས་རིམ་བཞིན་གྲང་དུ་ཕྱིན་པ་དང་ཉིན་མཚན་གྱི་དྲོད་ཚད་ཁྱད་པར་ཉིན་བཞིན་ཆེ་རུ་ཕྱིན་པ་མཚོན་གྱི་ཡོད། ཉིན་ཤས་གོང་།གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིཊ་ན།བ་མོ་བབས་པ་དང་ཆབས་ཅིག་གྲོང་ཁྱེར་གྱི་ས་ཆ་ཁག་གཅིག་ཏུགངས་བབས་ནས་དྲོད་ཚད་མངོན་གསལ་དོད་པོས་དམའ་རུ་འགྲོ་བཞིན་ཡོད་པས།གྲོང་མིས་གནམ་གཤིས་ཀྱི་འགྱུར་ལྡོག་དང་བསྟུན་ནས་དྲོ་ཇུས་ལ་དོ་སྣང་བྱེད་དགོས།
གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱི་ལག་རྩལ་ཆེ་མོ་བ་བཀྲ་ཤིས་ནོར་བུས་ངོ་སྤྲོད་བྱས་པར་གཞིགས་ན།ཟླ་10ཚེས་21ཉིན།རང་གྲོང་གི་དབུས་ཤར་རྒྱུད་དུ་ཆར་ཆུ་འབབ་པའི་གནམ་གཤིས་བསྟན་ཞིང་།ཆུ་ཤུར་རྫོང་དང་མལ་གྲོ་གུང་དཀར་རྫོང་ཁོངས་སུ་བབས་ཡོད།དེའི་ནང་ཆར་ཆུ་འབབ་ཚད་ཆེ་ཤོས་ནི་ཧའོ་སྨི་29.2ཡིན་པ་དང་མལ་གྲོ་གུང་དཀར་རྫོང་གི་བར་ལར་ཐོན་པ་དང་གངས་གསོག་ཐེབས་ཚད་ལི་སྨི་10ཟིན་ཡོད། ཉིན་དགུང་ཡོལ་རྗེས་རང་གྲོང་གི་གཙང་པོའི་རྒྱུག་ཁུལ་མང་ཆེ་བར་རླུང་ཤུགས་རིམ་པ་6ཙམ་ཟིན་པ་དང་མལ་གྲོ་གུང་དཀར་རྫོང་གི་ས་བབ་མཐོ་བའི་ས་ཁུལ་ཁག་གཅིག་ཏུ་རླུང་ཤུགས་རིམ་པ་7ཟིན་ཡོད། དྲོད་ཚད་ཀྱི་གནས་ཚུལ་ལ་བལྟས་ན།ཚེས་21ཉིན།གྲོང་ཁྱེར་ཡོངས་ཀྱི་ས་ཆ་མང་ཆེ་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་པའི་ནང་ལྷུན་གྲུབ་རྫོང་དང་སྟག་རྩེ་ཆུས་སུ་དྲོད་ཆག་ཚད་ཅུང་ཆེ་བ་དང་།ཤང་གྲོང་ཁག་གཅིག་ཏུ་དྲོད་ཚད་ཧྲེ་ཧྲི་ཏུའུ་8ཡན་ཆག་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན།གཟའ་འཁོར་འདིར་རང་གྲོང་གི་ཆར་ཆུ་འབབ་ཚད་ཅུང་ཉུང་བ་དང་ཚེས་24ཉིན་གྱི་གོང་དུ་བྱང་རྒྱུད་དང་ཤར་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ཁ་ཐོར་རང་བཞིན་གྱི་གངས་ཆེན་བབས་པ་དང་།གཟའ་འཁོར་གྱི་དུས་མཇུག་ཏུ་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ཉིན་དགུང་མཚམས་སུ་ལྷགས་པ་རིམ་པ་4ནས་5བར་དང་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་རིམ་པ་7ནས་8བར་རྒྱག་རྒྱུ་རེད། ས་བབ་མཐོ་བའི་ས་ཁུལ་དུ་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་།གྲོང་མི་ཕྱིར་སྐྱོད་སྐབས་ཡིད་གཟབ་བྱས་ནས་རླངས་འཁོར་གཏོང་དགོས་པ་དང་རླངས་འཁོར་གཏོང་སྐབས་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས། གངས་བབས་རྗེས་དྲོད་ཚད་མངོན་གསལ་དོད་པོས་ཆག་རྒྱུ་ཡིན་པས།རྒན་རྒོན་དང་ཕྲུ་གུ་སོགས་ཀྱིས་དྲོ་ཇུས་ཀྱི་བྱ་ཐབས་ཡག་པོ་སྤྱད་དེ་ཆམ་པ་ཕོག་པ་དང་དབུགས་ལམ་གྱི་ནད་གཞི་གཞན་ཕོག་པར་སྔོན་འགོག་བྱེད་དགོས།བཀྲ་ཤིས་ནོར་བུས་ཟླ་10ཚེས་23ཉིན་ནས་ཟླ་10ཚེས་30ཉིན་བར་རང་གྲོང་དུ་གནམ་གཤིས་དྭངས་ཤིང་སྤྲིན་པ་ཉུང་བ་དང་།ཕྱི་དྲོར་ལྷགས་པ་ཆེ་བ།སྐམ་ཤས་ཆེ་བ།མེ་ཉེན་ཐོན་ཚད་ཅུང་ཆེ་བ་བཅས་ཡོད་པས།ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་མེ་སྤྱོད་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་མུ་མཐུད་དོ་ཁུར་དམ་ཟབ་བྱས་ཏེ།འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུགས་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གནམ་གཤིས་ཀྱི་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས་གྲོང་མིའི་ཐོན་སྐྱེད་དང་འཚོ་བར་འགན་ལེན་ནུས་ལྡན་བྱ་རྒྱུ་རེད། དེ་དང་ཆབས་ཅིག་གྲོང་མིས་གནམ་གཤིས་སྔོན་བརྡར་དུས་ཐོག་ཏུ་དོ་སྣང་བྱས་ནས་ཕྱིར་སྐྱོད་ཀྱི་འཆར་གཞི་ལུཊ་མཐུན་ངང་བཀོད་སྒྲིག་བྱེད་པ་དང་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་དགོས་པའི་འབོད་སྐུལ་ཀྱང་བྱས་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社