分享按钮

ཀྲུང་གོའི་ལྷ་སའི་SOSབྱིས་པའི་གྲོང་ཚོ་དང་ལྷ་སའི་པེ་ཅིང་སློབ་ཆུང་མཉམ་སྐྲུན་བྱས་ནས་ལོ་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་ལྷ་སའི་SOSབྱིས་པའི་གྲོང་ཚོ་དང་ལྷ་སའི་པེ་ཅིང་སློབ་ཆུང་མཉམ་སྐྲུན་བྱས་ནས་ལོ་བཅུ་འཁོར་བའི་དུས་འདིར“ལག་གདང་སྦྲེལ་བའི་ལོ་བཅུར་གཡུར་ཟའི་འབྲས་བཟང་སྨིན།ལང་ཚོ་དོན་ཡོད་བྱས་ནས་ལེའུ་གསར་པ་བརྩམས”ཞེས་པ་གཙོ་དོན་དུ་བྱས་པའི་བཞུགས་མོལ་ཚོཊ་འདུ་ཉེ་ཆར་འཚོགས་ཤིང་།སྔར་སོང་ལ་ཕྱིར་མིག་ལྟ་སྐབས་ཚན་པ་གཉིས་པོས་ལག་གདང་སྦྲེལ་ནས་སྐྱོད་པའི་ལོ་བཅུའི་ནང་གཅེས་སེམས་ཡིད་ལ་བཅངས་ཤིང་འགན་འཁྲི་ཕྲག་ཏུ་ཁུར་ནས་དྲོ་སྐྱིད་དང་རེ་བ་སྦྱིན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་ཐུན་མོང་ཐོག་བརྩམས་ཡོད།

བཞུགས་མོལ་ཚོགས་འདུ་མ་འཚོག་གོང་། ལྷ་སའི་པེ་ཅིང་སློབ་ཆུང་གི་དགེ་རྒན་ཚོས་ཡ་མཚན་དང་རེ་སྒུག་ངང་བྱིས་པའི་གྲོང་ཚོའི་ཁྱིམ་ཚང་དང་། གཞོན་ནུའི་ལས་ཤག གཅེས་སེམས་ལས་ཤག་སོགས་ལ་ལྟ་སྐོར་བྱས་ཤིང་།བྱིས་པའི་གྲོང་ཚོའི་ཕྲུ་གུ་ཚོའི་སློབ་སྦྱོང་གི་ཁོར་ཡུག་དང་འཚོ་བའི་ཁོར་ཡུག་མཐོང་བ་དང་།འདི་གའི་བརྩེ་བས་ཕྱུག་པའི་ཁོར་ཡུག་དང་བྱིས་པའི་ཧུར་བརྩོན་གྱི་བསམ་པས་ཁོང་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད།

ཀྲུང་གོའི་ལྷ་སའི་SOSབྱིས་པའི་གྲོང་ཚོའི་ཕྲུ་གུ་ནོར་བུ་ཉི་མས།ང་ནི་དགེ་རྒན་ཚོས་གསོ་སྐྱོང་ཞིབ་ཚགས་བྱས་པ་དང་ཨ་མའི་གཅེས་སྐྱོང་ཞིབ་ཚགས་འོག་བདེ་ཐང་ངང་འཚར་ལོངས་བྱུང་བ་ཞིག་ཡིན། སླད་ཕྱིན་སྤྲོ་བས་ཁེངས་བཞིན་དུ་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་དགེ་རྒན་དང་ཨ་མའི་སྤོབས་པ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།

བཞུགས་མོལ་ཚོགས་འདུའི་ཐོག བྱིས་པའི་གྲོང་ཚོའི་ལས་དོན་པས་ལྷ་སའི་པེ་ཅིང་སློབ་ཆུང་གི་དགེ་རྒན་ཚོར་བྱིས་པའི་གྲོང་ཚོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་། ད་ལྟའི་གནས་ཚུལ། ཕྲུ་གུ་ཚོའི་འཚོ་བའི་གནས་ཚུལ་སོགས་ཀྱི་ནང་དོན་ངོ་སྤྲོད་བྱས་ནས་ཚང་མར་བྱིས་པའི་གྲོང་ཚོར་ཤེས་རྟོགས་དེ་བས་གཏིང་ཟབ་ཐུབ་པར་བྱས་ཡོད།

ལྷ་སའི་པེ་ཅིང་སློབ་ཆུང་གི་དགེ་རྒན་དབྱང་ཧྥང་གིས།དེ་རིང་བྱིས་པའི་གྲོང་ཚོའི་ཕྲུ་གུ་ཚོའི་རྒྱུན་གཏན་གྱི་འཚོ་བར་ལྟ་སྐོར་བྱས་པར་མ་ཟད། གཅེས་སེམས་ལྡན་པའི་ཨ་མ་ཚོས་ཕྲུ་གུར་ཐུགས་ཁུར་དང་ལྟ་སྐྱོང་ཟབ་མོ་བྱེད་པ་མཐོང་བྱུང་། ངའི་འཛིན་གྲྭའི་ནང་དུའང་བྱིས་པའི་གྲོང་ཚོའི་ཕྲུ་གུ་ཞིག་ཡོད་པས།ངས་འཚོ་བ་དང་སློབ་སྦྱོང་སོགས་ཀྱི་ཐད་ནས་ཁོང་ལ་ཐུགས་ཁུར་དང་གཅེས་སྐྱོང་དེ་བས་མང་བ་བྱ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དེ་ནི་འདས་ཟིན་པའི་ལོ་བཅུའི་མཉམ་སྐྲུན་གྱི་གྲུབ་འབྲས་ལ་ཕྱོགས་བསྡོམས་དང་ཕྱིར་མིག་བལྟས་པ་ཞིག་ཡིན་ལ། འབྱུང་འགྱུར་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པའི་རེ་བ་ཞིག་དེ་བས་ཡིན་པས།ཚན་པ་གཉིས་པོས་མུ་མཐུད་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ།ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བསུ་བ་ཞུ་རྒྱུ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-24 6 6 拉萨日报藏文 c189825.html 1 ཀྲུང་གོའི་ལྷ་སའི་SOSབྱིས་པའི་གྲོང་ཚོ་དང་ལྷ་སའི་པེ་ཅིང་སློབ་ཆུང་མཉམ་སྐྲུན་བྱས་ནས་ལོ་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->