分享按钮

ཤེས་ལྡན་པའི་བོད་སྐྱོར་ལས་ཀུན་ལ་བློ་གྲོས་འཕེལ་བ།

(པར་ངོས་དང་པོར་མཐུད)མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་པུའུ་དང་ཨུ་ལྷན་7གྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་ཐོག་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པའི་དམིགས་བསལ་གསོ་སྐྱོང་ལས་དོན་གྱི་ཇུས་གཞི་བཟོས་པ་རེད།2009ལོ་ནས་བཟུང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་དགོས་མཁོར་གཞིགས་ཏེ་བོད་ཀྱིས་གསར་གཏོད་ནུས་པ་དང་དོན་དངོས་ལས་ཀའི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་བོར་བྱེད་པ་དང་།རིམ་པ་མཐོ་འབྲིང་གི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་གཙོ་གནད་དུ་བྱས་ནས་ཆེད་ལས་གསོ་སྦྱོང་བྱེད་ཀྱི་ཡོད་པ་རེད།

ཡ་ཡས་གསོ་སྦྱོང་བྱེད་རིང་།ཧྭ་ཤིས་སྨན་ཁང་གི་སྨན་པས་གཅིག་གཏད་གཅིག་གི་མཛུབ་ཁྲིད་དགེ་རྒན་གྱི་ལམ་ལུགས་སྤྱད་དེ་རང་ཉིད་ལ་གསོ་སྦྱོང་ཇུས་གཞི་བཟོས་ཡོད།དགེ་རྒན་ཆེན་མོའི་ཆེད་ལས་ཤེས་བྱ་ཡིན་ནའང་འདྲ་ཡང་ན་དངོས་སྤྱོད་ལག་རྩལ་ཡིན་ནའང་འདྲ་གང་ལྟར་ཚང་མ་ཆ་ཚང་པོ་ཡོད་ཅེས་བཤད།

བོད་དུ་སློབ་མ་འདེམས་པ་དང་།ལས་གནས་སུ་ལོག་ནས་བཞུགས་མོལ་བྱེད་པ།བརྟག་ཞིབ་དང་འཚམས་འདྲིར་སྐྱོད་པ་སོགས་ཀྱི་ཐད་ཚད་ལྡན་དང་ནན་པའི་ལམ་ལུགས་རབ་དང་རིམ་པ་ཆགས་ནས་མི་རྒྱུ་དངོས་གསུམ་འགན་ལེན་ནུས་ལྡན་དང་ཕྱོགས་ཁག་གི་མཐུན་སྦྱོར་ནུས་པ་ཐོན་ཡོད།བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ང་ཚོས་ལྗོངས་ནང་ཁུལ་གྱི་ཤེས་ལྡན་པ་དང་།ཡུལ་གཞན་དུ་གསོ་སྐྱོང་།བོད་དུ་ཕྱིར་ལོག་ནས་ལས་དོན་སྒྲུབ་པ་བཅས་ཟུང་དུ་འབྲེལ་བའི་དམིགས་བསལ་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་རགས་ཙམ་བཙུགས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བོད་དུ་གཞི་ཚུཊ་པ་དང་ནུས་པ་ཡུན་རིང་འདོན་སྤེལ་ཐུབ་པའི་ཤེས་ལྡན་པ་དཀོན་པོ་ཁག་གཅིག་གསོ་སྐྱོང་བྱས་ཡོད་ཅེས་བཤད།

ཞིང་ལས་འདེབས་འཛུགས་ལ་མཛུབ་ཁྲིད་བྱས་ནས་ཞིང་དུད་ཀྱི་དཀའ་གནད་ཐག་གཅོད་བྱས་པ།

ཟླ་8པར་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོའི་ཅིན་ཧྥེང་ཡོན་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་དྲོད་ཁང་ནང་གྲོང་མི་སྐལ་བཟང་དབང་མོས་ཀྲོ་མ་ཀྲུར་གཡོག་བྱེད་བཞིན་ཡོད། དྲོད་ཁང་ནང་ཤིས་ཀྭ་དང་།ཀྲོ་མ་ཀྲུ།ཧོང་ཀྭ་སོཊ་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་10ལྷག་ཙམ་བཏབ་ཡོད།

སྐལ་བཟང་དབང་མོས་ང་ཚོས་སྣེ་ཁྲིད་པའི་མཉམ་ལས་ཁང་ལ་མིག་སྔར་དྲོད་ཁང་ཆེན་མོ་20ལྷག་ཙམ་ཡོད།ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལག་རྩལ་རིགས་གཅིག་མཁས་ཅན་གྱིས་གནང་བའི་ཕྱུག་འགྱུར་ཐབས་བཟང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ད་ཆ་སྔོ་ཚལ་དང་ཤིང་འབྲས་དྲོད་ཁང་ཆེན་མོར་བརྟེན་ནས་ངའི་ཁྱིམ་གྱི་ལོའི་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་གྱི་ཡོད་ཅེས་བཤད།

མོང་ཏེ་ལི་ནི་སྔོ་ཚལ་གྱི་ཕ་ཡུལ་ཏེ་ཧྲན་ཏུང་ཧྲོའུ་ཀོང་ནས་ཡིན་ཞིང་།2016ལོར་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པས་མོང་ཏེ་ལི་དང་ཁོང་གི་ཚོགས་པ་གཞིས་རྩེ་གྲོང་ཁྱེར་གྱི་པ་སྣམ་རྫོང་དུ་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བར་གདན་དྲངས་པ་རེད།ད་ཆ་མོང་ཏེ་ལི་ནི་པ་སྣམ་རྫོང་གི་སྔོ་ཚལ་ལག་རྩལ་གྱི་སྤྱི་ཁྱབ་མཛུབ་ཁྲིད་པར་གྱུར་ནས་ཞིང་དུད་ལ་སྔོ་ཚལ་འདེབས་འཛུགས་ལག་རྩལ་གྱི་གནད་དོན་འཕྲད་སྐབས་ཁོང་འཚོལ་གྱི་ཡོད།

ཡུན་རིང་བོད་དུ་ལས་ཀ་བྱེད་མཁན་བོད་སྐྱོར་ཤེས་ལྡན་པ་ནང་འདྲེན་བྱས་པ་ཕུད།ཧྲན་ཏུང་ཞིང་ཆེན་གྱིས་ད་དུང་ཞིང་ལས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་དུས་བཀག་ནང་བོད་དུ་ཡོང་སྟེ་མང་ཚོགས་ཀྱི་དོགས་གནད་སེལ་གྱི་ཡོད་པ་རེད།ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ཞིབ་འཇུག་པ་ཧོའུ་ལི་ཞ་པ་སྣམ་རྫོང་དུ་ཡོང་ནས་ཞིང་ལས་ཚན་རྩལ་ཞིང་ནང་དང་སློབ་ཁང་དུ་སྤེལ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།ཁོང་གིས་ས་གནས་དེ་གའི་ཐོན་སྐྱེད་ཆ་རྐྱེན་ལ་གཞིགས་ནས་སློབ་མར་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱ་རྒྱུའི་མཛུབ་ཁྲིད་བྱས་ཏེ་པ་སྣམ་རྫོང་གི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

ཉེ་བའི་ལོ་30ཡི་རིང་།ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་གིས་ཐོག་མཐའ་བར་གསུམ་དུ་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཁ་གཏད་རོགས་སྐྱོར་གྱི་གཙོ་གནད་དུ་བརྩིས་ཡོད།པ་སྣམ་རྫོང་གི་ཞིང་པས་ང་ལ་འདེབས་སུ་འཇུག་པ་ནས་ངས་རང་འགུལ་གྱིས་འདེབས་པའི་བར་དང་འདེབས་མི་ཤེས་པ་ནས་ཁྱིམ་དུད་ཚང་མས་འདེབས་པའི་བར་འགྱུར་ལྡོག་བྱུང་ཡོད།

ད་ཆ་པ་སྣམ་རྫོང་གི་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་1.74ཟིན་པ་དང་ལོར་སྔོ་ཚལ་ཐོན་ཚད་ཏུན་ཁྲི་6.6ཙམ་ཟིན་ནས་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3ཙམ་ཟིན་གྱི་ཡོད།

མཉམ་ལས་ཀྱི་ལས་སྟེགས་བཏོད་དེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

བོད་རང་སྐྱོང་ལྗོངས་བོད་སྨན་ཞིབ་དཔྱད་བདེན་དཔང་ར་སྤྲོད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་སྨན་སྦྱོར་པ་བསོད་ནམས་ཆོས་སྒྲོན་གྱིས་ད་ཆ་ཆ་འཕྲིན་ཅན་གྱི་སྟེགས་བུ་ཡོད་པས་ང་ཚོའི་ཞིབ་བཤེར་ལས་དོན་སྔར་བས་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བ་ཞིག་འདུག་ཅེས་བཤད།ཁོང་གིས་རྒྱལ་ཁབ་ཞིབ་དཔྱད་བརྟག་བཤེར་ལྟེ་གནས་དང་ཡུན་རིང་མཉམ་ལས་བྱས་པ་བརྒྱུད་ང་ཚོར་ལས་དོན་ཁྲོད་འཕྲད་པའི་གནད་དོན་མགྱོགས་མྱུར་ཐག་གཅོད་ཐུབ་ཀྱི་ཡོད་ཅེས་བཤད།

ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ནང་བོད་ཀྱིས་སློབ་མ་དང་སློབ་མ་དང་།འདེམས་གཏོང་ཚན་པ་དང་གསོ་སྐྱོང་ཚན་པ།སློབ་མ་དང་སློབ་དཔོན་བཅས་དབར་ཡུན་རིང་སྤེལ་རེས་དང་མཉམ་ལས་ཀྱི་ལས་སྟེགས་གཏོད་རྒྱུར་སྣང་ཆེན་བྱས་ནས་ཞིང་ཆེན་གཞན་དག་གི་སྔོན་ཐོན་ལག་རྩལ་དང་སྤུས་ལེགས་ཐོན་ཁུངས་ཀྱིས་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད།

འཇིགས་མེད་རྒྱ་མཚོ་ནི་བོད་རང་སྐྱོང་ལྗོངས་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་མཐོ་རིམ་འབྲོག་ལས་ལག་རྩལ་མཁས་ཅན་ཞིག་ཡིན།གསོ་སྦྱོང་བྱེད་རིང་ཁོང་གིས་ནན་ཅིང་ཞིང་ལས་སློབ་ཆེན་གྱི་བྱ་དེ་སྤུས་ལེགས་ཐོན་ལས་གསར་སྤེལ་ཚོགས་པའི་འཛུགས་སྐྲུན་ནང་ཞུགས་པ་དང་འབྲེལ་འབྲེལ་ཡོད་ཚོད་ལྟ་བྱས་ནས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་ས་གནས་དེ་གའི་འབྲེལ་ཡོད་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།

འཇིགས་མེད་རྒྱ་མཚོས་ད་ཆ་བོད་དང་སྤུན་ཟླའི་ཞིང་ཆེན་དབར་གྱི་སྤེལ་རེས་སྔར་བས་མང་དུ་ཕྱིན་པ་དང་། འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ།འབྲེལ་གཏུགས་ཀྱི་ཐབས་ལམ་སྔར་བས་སྟབས་བདེ་རུ་ཕྱིན་ཡོད།ང་ཚོས་རང་འགུལ་ངང་ཕྱིར་བསྐྱོད་པ་དང་རང་འགུལ་ངང་རིགས་ཁག་གི་ཐོན་ཁུངས་སྦྲེལ་མཐུད་བྱས་ཏེ་ཕན་ཚུན་མཉམ་འདྲེས་ཁྲོད་སློབ་སྦྱོང་དང་འཚར་ལོངས་ཡོང་བར་བྱེད་དགོས་ཞེས་བཤད།

ཉེ་བའི་ལོ་ཤས་རིང་།བོད་ཀྱི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།འདི་ལོའི་ཟླ་དང་པོའི་བར་བོད་ཀྱི་རྩལ་ནུས་ཤེས་ལྡན་པའི་བསྡོམས་འབོར་ཁྲི་43.21ཟིན་པ་དེས་ལས་ཞུགས་མི་སྣའི་བསྡོམས་འབོར་གྱི་བརྒྱ་ཆ་22.05བཟུང་བ་དང་།རྩལ་ནུས་མཐོ་བའི་ཤེས་ལྡན་པ་ཁྲི་5.33ཟིན་པ་དེས་རྩལ་ནུས་ཤེས་ལྡན་པའི་སྤྱི་འབོར་གྱི་བརྒྱ་ཆ་12.34བཟུང་ཡོད།

(《མི་དམངས་ཉིན་རེའི་ཚགས་པར》ལས་བཏུས)(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-09 6 6 拉萨日报藏文 c189213.html 1 ཤེས་ལྡན་པའི་བོད་སྐྱོར་ལས་ཀུན་ལ་བློ་གྲོས་འཕེལ་བ། /enpproperty-->