分享按钮

ལྷ་སའི་མཐོ་གསར་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་འཕྲལ་སྡོམ་ཐག་གཅོད་ཀྱི་ཕྱོགས་བསྡུས་དངོས་འཐབ་ནང་སྦྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དོ་དམ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་།ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་དོན་ཁང་དང་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་སྒྲུབ་འགན་ཁུར་བའི་2024ལོའི་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་ས་ཡོམ་གནོད་འཚེ་དང་བཟའ་བཅའི་བདེ་འཇགས་མཉམ་འབྲེལ་འཕྲལ་སྡོམ་ཐག་གཅོད་ཀྱི་ཕྱོགས་བསྡུས་དངོས་འཐབ་ནང་སྦྱོང་དེ་སྣེའུ་ཐོག་བརྩེགས་ཁང་ཆེན་དུ་གཉེར་བ་རེད།ལས་བྱེད་པ་དང་མང་ཚོགས་280ལྷག་ཙམ་དེའི་ནང་ཞུགས་ནས་ལྟ་སྦྱོང་བྱས་པ་རེད།

ད་ཐེངས་ཀྱི་ནང་སྦྱོང་ལད་མོ་དེ་2024ལོའི་ཟླ་9ཚེས་20ཉིན་གྱི་ཆུ་ཚོད་10དང་སྐར་མ་18ཐོག་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དུ་ས་ཡོམ་རིམ་པ་6.1བརྒྱབ་ནས་ལྷ་ས་གྲོང་ཁྱེར་ལ་ཡོམ་ཚོར་ཆེན་པོ་བྱུང་བ་དང་།ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་ལ་ས་ཡོམ་གྱི་གནོད་འཚེ་ཕོག་པ་དང་སྣེའུ་སྡེ་ཁུལ་བྲག་མགོ་ཚོགས་ཆུང་དུ་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པ།སློབ་གྲྭ་དང་ཁེ་ལས་ལ་ཉེན་ཁ་འཕྲད་པ་སོགས་རྒྱབ་ལྗོངས་སུ་བྱས་ཡོད་པ་རེད།ཡུལ་དངོས་སུ་སྤྱི་ཁྱབ་བཀོད་འདོམས་པའི་བཀའ་ཕབ་པ་དང་ཆབས་ཅིག་འཕྲལ་སྡོམ་ནང་སྦྱོང་ཚོགས་ཆུང་ཁག་གིས་འཕྲལ་དུ་འཕྲལ་སྡོམ་ནང་ཞུགས་ཏེ་གནོད་འཚེའི་གནས་ཚུལ་ཐོན་རྗེས་འཕྲལ་སྡོམ་སྔོན་ཇུས་དང་།མང་ཚོགས་ཁ་འགྲེམས་དང་ཕྱིར་འཐེན།ཉེན་སེལ་རོགས་སྐྱོབ་སོགས་ལྷུ་ཚིགས་མང་པོའི་ལས་དོན་སྤེལ་ཚུལ་ཇི་མ་ཇི་བཞིན་ལད་མོ་བྱས་པ་རེད།བྱ་སྤྱོད་སྤེལ་མགྱོགས་པ་དང་བྱ་ཐབས་འཚམ་པོ་ཡོད་པ་རེད།ཉེན་ཆེའི་གནས་ཚུལ་བདེ་བླག་ངང་བསལ་རྗེས་བྱེད་སྒོའི་ནང་ཞུགས་མཁན་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཁག་སོ་སོར་འཕྲོད་བསྟེན་འཕྲལ་སྡོམ་བཀོད་འདོམས་མ་ལག་ནས་མགྱོགས་མྱུར་དང་ལེན་དང་།ཡུལ་དངོས་ཀྱི་སྨན་བཅོས་རོགས་སྐྱོབ།གེགས་རྗེས་འཕྲོད་བསྟེན་རིམས་འགོག་སོགས་ཀྱི་ཐད་ནས་ད་ཐེངས་ཀྱི་ནང་སྦྱོང་ལ་དཔྱད་བརྗོད་བྱས་ཤིང་།ནང་སྦྱོང་གི་ཁྱད་ཆོས་དང་བཀྲག་མདངས་འཚེར་སར་ཁས་ལེན་གང་ལེགས་བྱས་པར་མ་ཟད།ནང་སྦྱོང་ཁྲོད་གནས་པའི་ཞན་ཆའང་གསལ་སྟོན་གནང་བ་རེད།

ད་ཐེངས་ཀྱི་ནང་སྦྱོང་སྒྲིག་འཛུགས་ཚགས་ཚུད་པ་དང་།མཐུན་སྦྱོར་གོ་རིམ་ལྡན་པ།དོན་དངོས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་པས་སྔོན་དཔག་གི་ཕན་འབྲས་ཐོན་པར་མ་ཟད།ལྷ་སའི་མཐོ་གསར་ཁུལ་གསར(སྣེའུ་ཁུལ་གསར)གྱི་འཕྲལ་སྡོམ་སྔོན་ཇུས་ཀྱི་ཚན་རིག་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལ་ཞིབ་བཤེར་ནུས་ལྡན་བྱས་པ་དང་།ལྷ་སའི་མཐོ་གསར་ཁུལ་གསར(སྣེའུ་ཁུལ་གསར)གྱི་འཕྲལ་སྡོམ་ཉེན་སེལ་དཔུང་ཁག་གི་འཕྲལ་སྡོམ་ནུས་པ་སྦྱོང་བརྡར་བྱས་པ།མང་ཚོགས་ཀྱི་འཕྲལ་སྡོམ་གེགས་འགོག་གི་འདུ་ཤེས་དང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།དེ་དང་ཆབས་ཅིག་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་འཕྲལ་སྡོམ་ཉེན་སེལ་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བར་དངོས་འཐབ་ཀྱི་ཉམས་མྱོང་བསགས་ཡོད་པ་རེད།

སླད་ཕྱིན།ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་ནང་སྦྱོང་ནང་ཞུགས་མཁན་ཚན་པ་ཁག་གིས་ད་ཐེངས་ཀྱི་ནང་སྦྱོང་དེ་གོ་སྐབས་སུ་བྱས་ནས་མི་དམངས་གོང་དུ་བཀུར་བ་དང་།ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་རྒྱུན་འཛིན་བྱས་ཏེ་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་།གཞི་རིམ་གྱི་ཚུར་སྣང་ལན་ཆ་ཆེ་བའི་གནད་དོན་ལ་དམ་འཛིན་བྱེད་པ།ཤུགས་རྒྱག་གཞི་དང་ཚད་བརྒལ་བྱེད་ས་བཙལ་འཚོལ་བྱེད་པ་བཅས་ཀྱི་ཐོག་ནས་འཕྲལ་སྡོམ་དོ་དམ་གྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-09 6 6 拉萨日报藏文 c189209.html 1 ལྷ་སའི་མཐོ་གསར་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་འཕྲལ་སྡོམ་ཐག་གཅོད་ཀྱི་ཕྱོགས་བསྡུས་དངོས་འཐབ་ནང་སྦྱོང་བྱས་པ། /enpproperty-->