ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་གྱི་འཁྱིལ་ཆུའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱ་ཆེད། ད་ལོ་རང་གྲོང་གིས་གླིང་སྐོར་ལམ་དང་། པེ་ཅིང་ལམ། ཅང་སུའུ་ལམ་སོགས་གཞུང་ལམ་12ལ་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་དང་སྒྱུར་བཀོད་ཀྱི་རྣམ་གྲངས་ལག་བསྟར་བྱས་ཏེ་ས་འོག་གི་ཆུ་འབུད་མདོང་ལམ་ཕྱོགས་ཡོངས་ནས་གསར་བརྗེ་བྱས་ཏེ་གྲོང་ཁྱེར་གྱི་ཁྲོམ་གཞུང་ཐོག་འཁྱིལ་ཆུ་ཕྱིར་འབུད་ཀྱི་གནད་དོན་མི་འབྱུང་བར་བྱ་ཐབས་ནུས་ལྡན་སྤྱད་ཡོད། བྱ་ཐབས་དེ་ནི་གྲོང་ཁྱེར་རིམ་སྤོར་སྒྱུར་བཀོད་ཁྲོད་ཀྱི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་ལ་དམངས་སེམས་ཟབ་མོ་ཐོབ་པའི་བྱ་བ་དངོས་ཀྱི་ལས་གྲྭ་ཞིག་ཀྱང་ཡིན་པ་སྨོས་མེད་ཡིན། ཟླ་10ཚེས་1ཉིན། གསར་འགོད་པ་རང་གྲོང་གི་ལྟེ་བའི་གྲོང་ཁུལ་གྱི་འཁྱིལ་ཆུ་ཕྱིར་འབུད་དང་འབྲུབ་འགོག་རྣམ་གྲངས་ཀྱི་ལས་ཡུལ་དུ་བསྐྱོད་ནས་རང་གྲོང་གི་མདོང་ལམ་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་ཚུལ་ཐད་བཅར་འདྲི་བྱས་པ་ཡིན།
གླིང་སྐོར་བྱང་ལམ་གྱི་ཨར་ལས་བྱ་ཡུལ་དུ། གསར་འགོད་པས་ལས་བྲེལ་ཆེ་ལ་གོ་རིམ་ལྡན་པའི་ངལ་རྩོལ་གྱི་རྣམ་པ་དེ་མཐོང་བྱུང་། ལས་བཟོ་པ་ཚོས་ལུས་ལ་བདེ་སྲུང་ལྭ་བ་དང་མགོ་ལ་བདེ་འཇགས་ཞྭ་མོ་གྱོན་ནས་རང་རང་གི་ལས་གནས་སུ་བྲེལ་འཚུབ་ངང་ལས་ལ་བརྩོན་བཞིན་ཡོད། རྐོ་འདྲུའི་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་སོགས་འཕྲུལ་ཆས་སྒྲིག་ཆས་ཆེ་གྲས་ཀྱི་སྒྲ་བར་མཚམས་མེད་པར་གྲགས་ཤིང་མདོང་ལམ་གསར་པ་ཟམ་མི་ཆད་པར་སྔོག་བཞིན་ཡོད་པ་རེད། གཞོགས་གཅིག་ཏུ་ལས་དོན་མི་སྣས་མྱུར་ཚད་མཐོ་བའི་གྲངས་གཞི་ཐོ་འགོད་བྱེད་བཞིན་ཡོད་པ་དང་། ཁོང་ཚོས་ལག་ཏུ་ཚད་འཇལ་ཡོ་བྱད་ཁྱེར་ནས་འགག་རྩའི་ལྷུ་ཚིགས་རེ་རེའི་ཚད་མཐོའི་ཆ་འཕྲིན་གནད་ལ་འཁེལ་བའི་སྒོ་ནས་ཐོ་འགོད་བྱས་ཏེ་རྗེས་མཐུད་ཀྱི་ཨར་ལས་ལ་གཞི་འཛིན་ས་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། ཕྱོགས་གཞན་ཞིག་ཏུ་ལྕགས་ལེབ་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་རམ་སྐྱོར་ལྕགས་ལེབ་ཚུར་ལེན་བཞིན་ཡོད་པ་རེད། རམ་སྐྱོར་ལྕགས་ལེབ་ནི་གནས་སྐབས་ཀྱི་རམ་སྐྱོར་གྱི་གྲུབ་ཆ་ཞིག་ཡིན་པའི་ངོས་ནས་ཨར་སྐྲུན་ཁྲོད་ནུས་པ་གལ་ཆེན་ཐོན་གྱི་ཡོད་ཅིང་། དེས་མཐའ་འཁོར་གྱི་ས་མཁྲེགས་འཛིན་བྱེད་པའི་ཐད་རམ་སྐྱོར་དང་འགན་ལེན་ནུས་ལྡན་ཐུབ་ཀྱི་ཡོད་པ་རེད། ལྕགས་ལེབ་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་རམ་སྐྱོར་ལྕགས་ལེབ་རེ་རེ་བཞིན་གོ་རིམ་ལྡན་པའི་ངང་ཕྱིར་བླངས་ཏེ་མདོང་ལམ་བསྒར་ཆེད་བར་སྟོང་ངེ་ཅན་ཞིག་བཏོད་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社