分享按钮

རང་གྲོང་གི་སྡེ་ཚན་མང་པོས་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་གི་ཆེད་དོན་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་རུ་ཆེན་གྱིས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་མཉམ་འབྲེལ་ཐོག་དུས་ཆེན་གོང་གི་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་གི་ཆེད་དོན་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བའི་ཁྲིམས་སྐྱོང་གི་འདུ་ཤེས་དང་།བདེ་འཇགས་ཀྱི་འདུ་ཤེས། ཞབས་ཞུའི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་བདེ་འཇགས་དང་། སྐྱིད་སྣང་དོད་པ། བློ་བདེ་བ་བཅས་ཀྱི་ཕྱིར་སྐྱོད་ཁོར་ཡུག་ཅིག་བཏོད་ཡོད།

སྒྲོག་འགྲེལ་ཚོགས་འདུའི་ཐོག གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་ཡུལ་སྐོར་ཉེན་རྟོག་རུ་ཆེན་གྱིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དམིགས་ནས་ཁྲིམས་སྐྱོང་གི་སྒྲོག་འགྲེལ་བྱས་པ་དང་། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་རླངས་འཁོར་གཉེར་སྐྱོང་བདེ་འཇགས་ཀྱི་དངོས་གཞིའི་སློབ་གསོའི་ལས་དོན་སྤེལ་བ་རེད། ཁེ་ལས་ཀྱི་བྱེད་པོས་ལྟ་སྐུལ་དོ་དམ་གྱི་འགན་འཁྲིར་སྔར་བས་ཤུགས་སྣོན་རྒྱག་པ་དང་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། རྒྱ་ཆེའི་ཁ་ལོ་བས་ཁྲིམས་སྲུང་གཉེར་སྐྱོང་དང་ཡ་རབས་ངང་ཞབས་འདེགས་ཞུ་བར་སྐུལ་ལྕག་བྱེད་པ། ཁ་ཆད་གཏན་འཁེལ་གྱི་ལམ་ཐིག་དང་རིན་གོང་ལྟར་ཞབས་ཞུ་མཁོ་འདོན་བྱེད་པ། མང་ཉུང་ལ་མི་བལྟོས་པར་འགྲུལ་པ་སྐྱེལ་འདྲེན་བྱེད་པ་དང་། མང་ཉུང་ལ་མི་བལྟོས་པར་གོང་སྒྲིག་པ། རང་དགར་གོང་མི་སྤོར་བ་བཅས་བྱེད་པ། རིན་གོང་རྩིས་ཆས་ཚད་ལྡན་ངང་སྤྱད་ནས་དུས་ཚོད་ལྟར་རིན་གོང་བརྩིས་ཏེ་འགྲོ་གྲོན་བསྡུ་བ།འགྲུལ་པ་མི་བླུགས་པ་དང་། འགྲུལ་པ་མི་འབོད་པ། འགྲུལ་པའི་འདོད་མོས་ལས་འགལ་ནས་འགྲུལ་པ་མི་བླུགས་པ་བཅས་བྱེད་དགོས། བདེ་འཇགས་དང་ཚད་ལྡན་ངང་འཁོར་རིགས་གཏོང་རྒྱུ་མཐའ་འཁྱོངས་དང་། འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ། རང་འགུལ་ངང་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་སྲུང་སྐྱོང་བཅས་བྱས་ཏེ་ཁ་གཅུ་མཚམས་སུ་འཁོར་རིགས་གཞན་ལས་སྔོན་དུ་གཏོང་བ་དང་།གང་བྱུང་དུ་ལམ་སྒྱུར་བ། མྱུར་ཚད་ལས་བརྒལ་ནས་འཁོར་རིགས་གཏོང་བ་སོགས་ཉེན་ཡོད་རིགས་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་འགྲིམ་འགྲུལ་ལས་འཛོལ་ཐོན་རྒྱུ་སྔོན་འགོག་དང་ཉུང་དུ་གཏོང་དགོས། ཡ་རབས་སྤུས་ལེགས་ཀྱི་ཞབས་ཞུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་འགྲུལ་པ་སེམས་ནང་བཅངས་པ་དང་། ཞབས་ཞུ་རྩེ་གྲ་བྱེད་པའི་ཞབས་ཞུའི་འདུ་ཤེས་ཡིད་ལ་འཇོག་པ། ཞབས་འདེགས་ཞུ་བའི་བརྒྱུད་རིམ་ཁྲོད་ཡ་རབས་སྐད་ཆ་ཤོད་པ་དང་། སེམས་རྩ་འཁོལ་པོས་ཞབས་ཞུ་སྒྲུབ་པ། གུས་ཞབས་ངང་མགྲོན་པོར་སྣེ་ལེན་ཞུ་བ་བཅས་ཀྱི་ཐོག་ནས་ཞིབ་ཚགས་དང་མི་གཤིས་ཅན་གྱི་ཞབས་ཞུས་འགྲུལ་པ་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས་པའི་ནན་བཤད་བྱས་ཡོད།

བོད་ལྗོངས་བོགས་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་ཁ་ལོ་བའི་འཐུས་མི་སྤེན་པས་དེ་རིང་གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་རུ་ཆེན་དང་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་སོགས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་ཐོན་སྐྱེད་བདེ་འཇགས་གསོ་སྦྱོང་ནང་ཞུགས་རྒྱུ་བྱུང་བ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་རེད། ངས་འདིར་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་རྒྱུ་དང་། ཆང་བཏུངས་ནས་རླངས་འཁོར་མི་གཏོང་བ། ཐང་ཆད་ནས་རླངས་འཁོར་མི་གཏོང་བ། སྤྲོ་སེམས་འཁོལ་ཤོས་དང་གུས་ཞབས་ཡག་ཤོས་ཀྱི་རྣམ་འགྱུར་ཐོག་ནས་འགྲུལ་པ་ཚང་མར་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-04 6 6 拉萨日报藏文 c188993.html 1 རང་གྲོང་གི་སྡེ་ཚན་མང་པོས་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་གི་ཆེད་དོན་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ། /enpproperty-->