མཁྱེན་ལྡན་མ་རྣམ་པ་དང་།སྐུ་ཞབས་རྣམ་པ།
བློ་མཐུན་རྣམ་པ་དང་།གྲོགས་པོ་རྣམ་པ།
དེ་རིང་།ང་ཚོ་ལྷན་དུ་འཛོམས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། ལོ་ངོ་75ཡི་གོང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དེའི་ཐོག་ནས། ཀྲུང་གོའི་མི་དམངས་ཡར་ལངས་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་དུས་རབས་གསར་པའི་འགོ་བརྩམས་པ་མཚོན་ཐུབ། ལོ་ངོ་75སོང་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་འབད་འཐབ་ལྷོད་མེད་བྱས་པས། དཔལ་འབྱོར་གོང་འཕེལ་མགྱོགས་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་བཏོད་དེ་ཀྲུང་གོར་འཕོ་འགྱུར་ཆེན་པོ་བྱུང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། ང་རང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་བ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ལ། ཀྲུང་གོ་གསར་པའི་འཛུགས་སྐྲུན་བྱ་གཞག་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་མཛའ་གྲོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྐབས་འདིར་ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་འཕེལ་རྒྱས་ཀྱི་ཆེད་དུ་གཟེངས་སུ་ཐོན་པའི་བྱས་རྗེས་འཇོག་མཁན་འགོ་ཁྲིད་རྒན་རབས་ཚོར་དེ་བས་དྲན་གསོ་ཞུ་དགོས་པ་དང་། ཀྲུང་གོ་གསར་པ་འཛུགས་པ་དང་སྟོབས་འབྱོར་ལྡན་པའི་ཕྱོགས་སུ་སྐྱོད་ཆེད་ཚེ་སྲོག་སྐྱེས་སུ་འབུལ་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་དཔའ་བོ་དཔེ་བཟང་བ་ཚོར་དེ་བས་དྲན་གསོ་ཞུ་དགོས། ང་ཚོས། ཁྱེད་ཚོས་དོན་གཉེར་བྱེད་པའི་ཕུགས་བསམ་ད་ལྟ་མངོན་འགྱུར་བྱེད་བཞིན་ཡོད་པ་དང་། ཁྱེད་ཚོས་གསར་གཏོད་བྱས་པའི་བྱ་གཞག་གཅིག་རྒྱུན་གཅིག་འཛིན་དང་དར་རྒྱས་གོང་འཕེལ་གཏོང་བཞིན་ཡོད་ཅེས་ཁོང་ཚོར་ཐུགས་གསོ་ཞུ་ཆོག་གི་ཡོད།
བློ་མཐུན་རྣམ་པ་དང་།གྲོགས་པོ་རྣམ་པ།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ཡིན། སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་བྱ་སྤྱོད་ཡག་ཤོས་ནི་སྔར་བྱུང་མྱོང་མེད་པའི་རླབས་ཆེན་གྱི་བྱ་གཞག་དེ་ཟམ་མི་ཆད་པར་གོང་ནས་གོང་དུ་སྤེལ་རྒྱུ་དེ་རེད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་སྟེ། ང་ཚོས་ཏང་གིས་ཁྱོན་ཡོངས་ཀྱི་གནས་བབ་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་གསར་བརྗེས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་སྟེ། ང་ཚོས་ཐོག་མཐའ་བར་གསུམ་དུ་འགྲོ་ལམ་མི་འགྱུར་བ་དང་ཕུགས་འདུན་མི་འགྱུར་བའི་ཆོད་སེམས་དང་སེམས་ཤུགས་བརྟན་པོར་འཆང་བ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས། གཞི་རྩའི་འཆར་གཞི་བཅས་ལག་བསྟར་གཏིང་ཟབ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་སྐྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རྒྱལ་ཁབ་གོང་འཕེལ་དང་ཡར་ཐོན་གྱི་ལས་དབང་དེ་ཀྲུང་གོའི་མི་དམངས་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པར་བྱེད་དགོས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་དགོས་པ་སྟེ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་རྩ་བའི་དམིགས་ཡུལ་དང་རྒྱལ་ཁབ་ཀྱི་ངོ་བོ་བློ་ལ་བརྟན་པོར་ངེས་ནས་མི་དམངས་གོང་དུ་བཀུར་བ་དང་། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་པ་མཐའ་འཁྱོངས་བྱས་ཏེ། མི་དམངས་ཡོངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱེད་པའི་ཁྲོད་སྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་གང་ཐུབ་བྱེད་དགོས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཞི་བདེའི་ངང་གོང་འཕེལ་གཏོང་བའི་བགྲོད་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་སྟེ། ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་འཛམ་གླིང་ཞི་བདེ་ལྷིང་འཇགས་དང་མིའི་རིགས་ཐུན་མོང་ཐོག་ཡར་ཐོན་ཡོང་བར་སྐུལ་སྤེལ་གཏོང་གང་ཐུབ་བྱེད་དགོས།
བློ་མཐུན་རྣམ་པ་དང་།གྲོགས་པོ་རྣམ་པ།
ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱ་རྒྱུ་ནི། སྤུན་ཟླ་ཤང་ཀང་བ་དང་། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་ཝན་བ་བཅས་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་པས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་ཁྱོན་ཡོངས་དང་།ཡང་དག བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་དང་སྐུལ་འདེད་གཏོང་དགོས། རླབས་ཆེན་མེས་རྒྱལ་གྱི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡོད་ཚེ་སྤུན་ཟླ་ཤང་ཀང་བ་དང་སྤུན་ཟླ་ཨའོ་མོན་བས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་རེད།
ཐའེ་ཝན་ནི་ཀྲུང་གོའི་བླ་ན་མེད་པའི་མངའ་ཁོངས་ཤིག་ཡིན་ཞིང་། མཚོ་འགག་གཡས་གཡོན་གཉིས་ཀྱི་མི་དམངས་རྣམས་ཤ་རུས་མཉམ་འདྲེས་དང་འོ་ཆུ་གཅིག་ཏུ་འདྲེས་པ་ལྟར་བརྩེ་བ་ཟབ་མོ་ཡོད། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་ཀྱིས་མཚོ་འགག་གཡས་གཡོན་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་དུས་ཀྱི་འཁོར་ཕྱོགས་དང་། བདེན་དོན་གནས་ས། དམངས་སེམས་ཕྱོགས་ས་བཅས་ཡིན་པས། ལོ་རྒྱུས་ཀྱི་འཁོར་ཕྱོགས་སུས་ཀྱང་འགོག་མི་ཐུབ།
མིའི་རིགས་སའི་གོ་ལ་གཅིག་གི་ཐོག་གནས་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ལས་དབང་གཅིག་ཏུ་འབྲེལ་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། མིའི་རིགས་ཡོངས་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་ངང་ཞུགས་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
བློ་མཐུན་རྣམ་པ་དང་།གྲོགས་པོ་རྣམ་པ།
ལོ་ངོ་75རིང་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཉམས་ལྡན་པའི་དཔེ་རིས་འགྲེམས་སྟོན་བྱས་པར་མ་ཟད།འོད་སྟོང་རབ་ཏུ་འཕྲོ་བའི་མདུན་ལམ་འགྲན་ཟླ་བྲལ་བ་ཞིག་ཀྱང་མངོན་ཡོད། དུས་མཚུངས་སུ་མདུན་སྐྱོད་ཀྱི་བགྲོད་ལམ་ནི་ཐང་ཡངས་པོ་ཞིག་མིན་པས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་འཕྲད་ངེས་རེད། ང་ཚོས་བདེ་དུས་ཉེན་ཟོན་དང་ཆུ་མ་ཤོར་གོང་ནས་རགས་རྒྱག་པའི་དཔེ་ལྟར་ངེས་གཏན་མེད་པ་དང་ཚོད་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་ཐམས་ཅད་ལས་ཡོངས་སུ་རྣམ་པར་རྒྱལ་ཐུབ་པར་བྱེད་དགོས། དཀའ་ངལ་གང་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་མདུན་དུ་སྐྱོད་པའི་གོམ་སྟབས་འགོག་མི་ཐུབ།
ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་གྱི་ལོ་རྒྱུས་གཏོད་པའི་ཀྲུང་ཧྭ་མི་རིགས་ཀྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འོད་སྟོང་དེ་བས་ཆེ་བ་གཏོད་ངེས་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་རླབས་པོ་ཆེར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
ད་ལྟ་ངས་གྲོས་འགོ་འདོན་རྒྱུར།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བ་དང་། ཀྲུང་གོ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བ། ཀྲུང་གོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དབར་མཛའ་མཐུན་དང་མཉམ་ལས་ཡོང་བ། འདིར་བཞུགས་སྐུ་མགྲོན་རྣམ་པ་དང་། བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ་སྐུ་ཁམས་གསལ་ཐང་བཅས་ཡོང་བའི་ཆེད་དུ་མཉེས་དག་གནང་རོགས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་30ཉིན་འབྱོར་བའི་གློག་འཕྲིན)
(བྱམས་པ་ཚེ་རིང་དང་ལྷག་པ་ཚེ་རིང་། སྟོབས་རྒྱལ།ཨོ་རྒྱན་ཚེ་རིང་བཅས་ཀྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社