分享按钮

གྲོང་ཁྱེར་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་30ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག གྲོང་ཁྱེར་ཡོངས་ཀྱི་ལས་དོན་ཁག་གཅིག་རྗེས་གཉིས་མཐུད་ངང་མཐའ་མའི་གདོང་མཆོང་དང་མཇུག་བསྡུ་བའི་དུས་མཚམས་སུ་སླེབས་བཞིན་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཁག་གིས་ཟླ་9ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་།ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ལ་དམིགས་ཏེ་ལས་ཡུན་ལྡོག་སྒྲིག་དང་འཆར་འགོད་བཏིང་ནས་དམག་འཐབ་བྱེད་པ།ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་འགྲུབ་ཧུར་ཐག་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཚོགས་འདུའི་ཐོག་གཙོ་གནད་རྣམ་གྲངས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་ཚུགས་བྱེད་ཚད་སྔར་བས་མཐོ་རུ་གཏོང་བ།རྒྱལ་སྟོན་གུང་གསེང་རིང་ཨར་ལས་ཚན་པར་ལས་མཚམས་མི་འཇོག་རྒྱུའི་སྐུལ་འདེད་གཏོང་བ།ནུས་ཤུགས་ཡོད་རྒུས་ལས་ཡུན་ལ་དམ་འཛིན་དང་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ།མ་འཇོག་བྱེད་ཚད་དང་དངོས་པོའི་གྲངས་ཚད་དེ་བས་མང་བ་མགྱོགས་མྱུར་ཆགས་པར་བྱེད་དགོས།རྣམ་གྲངས་ཀྱི་སྔོན་རྩིས་མ་དངུལ་གྱི་ཕན་འབྲས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་།མ་དངུལ་གྱི་གཏོང་སྒོ་བཀོད་སྒྲིག་ཞིབ་ཕྲ།དཔྱད་ཞིབ་ལ་ལྟ་སྐུལ་བྱེད་ཤུགས་ཆེར་གཏོང་།རྣམ་གྲངས་ཀྱི་མ་དངུལ་གཏོང་སྤྲོད་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། འཛད་སྤྱོད་ཚོང་རར་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། དེ་ཡང་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་འདོགས་པ། ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་སྲིད་ཇུས་ཁག་8ལ་དམིགས་ཏེ་སྔ་སྣུར་དུ་ཇུས་འགོད་དང་གུང་གསེང་རིང་འཛད་སྤྱོད་བྱེད་སྒོ་བཀོད་སྒྲིག་ཞིབ་ཚགས་བྱས་ནས་འཛད་སྤྱོད་ཁྲོམ་ར་འཁྲུག་ཏུ་གཏོང་བ། གནད་དོན་ཕྱོགས་སྟོན་དུ་བཟུང་བ་དང་ཚན་ཁག་རིགས་དབྱེ། སྲིད་ཇུས་དོན་ཚན་8ལ་ཞིབ་འཇུག་གཏིང་ཟབ་བཅས་བྱས་ཏེ། སྲིད་ཇུས་དང་བྱ་ཐབས་ལེགས་འགྱུར་ལ་སྔར་བས་སྐུལ་འདེད་གཏོང་དགོས་པར་མ་ཟད།སྲིད་ཇུས་ཀྱི་ཕན་ནུས་ཀྱང་ཆེ་རུ་གཏོང་དགོས། གྲོང་ཁྱེར་གྱི་ཁོར་ཡུག་ལ་དམ་འཛིན་ཡག་པོ་བྱེད་དགོས།དེ་ཡང་ལས་རིགས་སྡེ་ཚན་ཁག་གིས་རྒྱུན་གཏན་གྱི་ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་།སྤྱི་བདེ་དང་ཁོར་ཡུག་འཕྲོད་བསྟེན་སོགས་སྡེ་ཚན་གྱིས་ལས་ཀའི་སྟོབས་ཤུགས་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་ནས་རྒྱལ་སྟོན་གུང་གསེང་རིང་གྲོང་ཁྱེར་གྱི་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་བཟའ་བཅའི་བདེ་འཇགས་དང་། ཟོག་ཁུངས་འདང་ངེས། རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།བསྡོམས་རྩིས་ཀྱི་ལས་ཀར་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། དེ་ཡང་བསྡོམས་རྩིས་སོགས་འབྲེལ་ཡོད་དཔལ་འབྱོར་སྡེ་ཚན་གྱིས་རིགས་ཁག་གི་དམིགས་ཚད་དང་གྲངས་གཞི་གཅིག་གྱུར་ནང་འཇུག་པའི་དུས་མཚམས་ལ་དམ་འཛིན་བྱས་ཏེ།བསྡོམས་རྩིས་རེའུ་མིག་ཡག་པོ་བཟོས་ནས་དུས་ཐོག་ཏུ་གོང་ཞུ་དང་གྲངས་ཚད་བཞིན་གཅིག་གྱུར་ཡོང་བར་བྱེད་དགོས། གོང་རིམ་བསྡོམས་རྩིས་སྡེ་ཚན་དང་འབྲེལ་གཏུགས་དང་སྙན་སེང་ཞུ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲངས་གཞི་གཅིག་གྱུར་ནང་འཇུག་པའི་ལས་དོན་སྦྲེལ་མཐུད་ཡག་པོ་བྱེད་དགོས། ཐོན་སྐྱེད་བདེ་འཇགས་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་།དེ་ཡང་རིམ་ཁག་སྡེ་ཁག་དང་། ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན།ཐོན་སྐྱེད་བདེ་འཇགས་ཁེ་ལས་བཅས་ཀྱིས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཁྱོན་ཡོངས་ནས་གྲལ་བཤེར་དང་སེལ་བ་བཅས་བྱས་ཏེ།སྔོན་ཚུད་ནས་འཕྲལ་སྡོམ་སྔོན་ཇུས་ཡག་པོ་སྒྲུབ་དགོས་པ་དང་།འཕྲལ་སྡོམ་དང་མེ་ཟོན་སྡེ་ཚན་གྱིས་ཚད་མཐོའི་དམག་གྲབས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ།ཐོལ་བྱུང་གནས་ཚུལ་འཕྲལ་མར་དང་ལེན་དང་ནུས་ལྡན་ངང་ཁ་གཏད་གཅོག་ཐུབ་པར་བྱེད་དགོས་པ། དུས་ཆེན་དང་གུང་གསེང་སྐབས་ལས་རེས་པ་དང་ལས་རེས་སྣེ་ཁྲིད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ཡག་པོ་སྒྲུབ་དགོས། སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་།དེ་ཡང་རིམ་ཁག་སྡེ་ཁག་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ་དང་།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱེད་པ། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་བླང་བྱ་ཁག་དོན་འཁྱོལ་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས་སྤྱོད་གཙང་དང་བདེ་ཐང་ངང་དུས་ཆེན་དགའ་གཏོང་ཐུབ་པར་བྱེད་དགོས། གཏན་འཁེལ་བྱས་པའི་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ལས་བྱེད་པ་དང་ལས་བཟོ་བའི་རྒྱལ་སྟོན་གུང་གསེང་གི་ངལ་གསོ་གཅིག་གྱུར་ཐོག་བཀོད་སྒྲིག་ཡག་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-02 6 6 拉萨日报藏文 c188960.html 1 གྲོང་ཁྱེར་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་འཚོགས་པ། /enpproperty-->