(པར་ངོས་དང་པོར་མཐུད)ཝང་ཧུའེ། སྐལ་བཟང་ཚེ་བརྟན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་པ་དང་། ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་གནང་སྟེ། ང་ཚོས་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཤུགས་སྣོན་བཞིའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཏེ། ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དང་། དམིགས་པ་དྲུག་གི་སྒྱུར་བཅོས་ལས་འགན་བཀོད་སྒྲིག་བཅས་བྱས་ནས་ང་ཚོས་ལག་བསྟར་ལ་དམ་འཛིན་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་གནད་སྨིན་བྱས་ཡོད།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཁོང་དུ་ཆུད་པ་དང་། མཐར་ཕྱིན་པར་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ཀྱི་བླང་བྱ་གཞིར་བཟུང་། འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པ་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། ཁྲིམས་ལུགས་ལ་བརྟེན་ནས་གྲོང་ཁྱེར་སྐྱོང་བ། བརྟན་ལྷིང་ལ་བརྟེན་ནས་གྲོང་ཁྱེར་བདེ་འཁོད་ཡོང་བ་བཅས་ཀྱི་ལས་ཀའི་རྩ་དོན་ལྔར་སྔར་བས་དམིགས་ཏེ། སྒྱུར་བཅོས་ཀྱི་ཁྲིད་སྟོན་དང་། ཚད་བརྒལ། སྣེ་ཁྲིད་བཅས་ཀྱི་ནུས་པ་དེ་བས་འདོན་སྤེལ་གང་ལེགས་བྱས་ནས་མཛེས་སྡུག་ལྡན་པའི་ལྷ་ས་དང་། རིག་གནས་ཀྱི་ལྷ་ས། གསོན་ཤུགས་ལྡན་པའི་ལྷ་ས། ཁྲིམས་སྐྱོང་གི་ལྷ་ས། དུས་བདེའི་ལྷ་ས་བཅས་བསྐྲུན་རྒྱུར་དེ་བས་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
སློབ་སྦྱོང་གི་ཚ་རླབས་རྒྱུན་མཐུད་ངང་འཕྱུར་བར་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རྒྱུན་རྣམ་ཅན་གྱི་སློབ་སྦྱོང་གི་ལམ་སྲོལ་ཞིག་འཐུས་ཚང་དུ་གཏོང་བ་དང་། རིམ་ཁག་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་རྒྱུན་དུ་སློབ་སྦྱོང་དང་། རྒྱུན་དུ་ཤེས་རྟོག་པ། རྒྱུན་དུ་མདུན་སྐྱོད་བཅས་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་དང་། རང་འགུལ་ངང་སློབ་སྦྱོང་། སློབ་སྦྱོང་གཏིང་ཟབ་བཅས་བྱས་ཏེ། སྔོན་ལ་སློབ་སྦྱོང་དང་། མང་ཙམ་སློབ་སྦྱོང་། སློབ་སྦྱོང་གཏིང་ཟབ་བཅས་བྱེད་དགོས། གྲོང་ཚོར་བཅའ་སྡོད་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ཁག་གིས་ཞིང་འབྲོག་མང་ཚོགས་ལ་ཁ་ཕྱོགས་ནས་སློབ་སྦྱོང་གི་བྱེད་སྒོ་ཡག་པོ་སྤེལ་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཁྱིམ་ཚང་ཚང་མས་ཤེས་པར་བྱེད་དགོས།
རྒྱུན་མཐུད་ངང་གསོ་སྦྱོང་གི་ལས་དོན་ཏན་ཏིག་བསྒྲུབ་དགོས། རྫོང(ཆུས)ཁག་གི་ཏང་གི་སློབ་གྲྭས་རྫོང་དང་ཆུས་ཀྱི་ལས་བྱེད་པ་དང་། གྲོང་རྡལ་གྱི་ལས་བྱེད་པ། གྲོང་ཚོ་དང་སྡེ་ཁུལ་གྱི་ལས་བྱེད་པ་བཅས་གཙོ་གནད་དུ་བཟུང་སྟེ། གཙོ་དོན་སློ་གསོ་མུ་མཐུད་ནས་ལེགས་པོ་གཉེར་ཏེ་སློབ་སྦྱོང་ལ་གྲུབ་འབྲས་ཐོན་པ་དང་། སློབ་སྦྱོང་དང་བསམ་གཞིགས་ཟུང་འབྲེལ། སྦྱངས་པ་གོ་ཆོད་ཡོང་བ་བཅས་ཀྱི་ཐད་འབད་བརྩོན་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཁག་གིས་ཞིང་འབྲོག་ཁུལ་གྱི་དོན་དངོས་དང་མཐུན་པའི་སྦྱོང་བརྡར་གྱི་གཞི་རྟེན་འཚོལ་ཞིབ་བྱས་ཏེ། དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཤུགས་ཆེར་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱིས་སློབ་སྦྱོང་བྱེད་འདོད་ཡོད་པ་དང་། སློབ་སྦྱོང་བྱེད་ཐུབ་པ། སློབ་སྦྱོང་ཡག་པོ་བྱེད་ཐུབ་པ་བཅས་བྱེད་དགོས།
མུ་མཐུད་ནས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས། རིམ་ཁག་དྲིལ་བསྒྲགས་ཚན་པས་ཕུན་སུམ་ཚོགས་ལ་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་དང་། ནང་དོན་གཙོ་བོ། དགོངས་དོན་གྱི་ངོ་བོ་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བྱེད་ཐབས་གལ་ཆེན་གསལ་འགྲེལ་གཏིང་ཟབ་བྱེད་དགོས། རིམ་ཁག་སྒྲོག་འགྲེལ་ཚོགས་པས་མུ་མཐུད་ནས་གཞི་རིམ་གྱི་འཐབ་ཕྱོགས་མདུན་མར་བསྐྱོད་ནས་སྒྲོག་འགྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་འགྲེལ་དང་། སྒྱུར་བཅོས་ཀྱི་འཕོ་འགྱུར་མཉམ་སྤྱོད་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མང་ཚོགས་དཀྱུས་མའི་སེམས་སུ་ཟུག་པར་བྱེད་དགོས།
དོན་འཁྱོལ་བྱ་རྒྱུ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས། རྫོང(ཆུས)ཁག་དང་ཚན་པ་ཁག་གིས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྒྱུར་བཅོས་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་། དུས་ཚོད་ཀྱི་རེའུ་མིག་བཟོ་བ། ལེགས་ཉེས་ཀྱི་གོ་རིམ་ཡག་པོ་བཟོ་བ། ལས་འགན་ཡི་གེ་བཟོ་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལྷ་སའི་སྒྱུར་བཅོས་ཀྱི་འཆར་གཞི་དེ་དངོས་ལྗོངས་ས་ཁྲར་འགྱུར་བར་བྱེད་དགོས། འོས་སྐུལ་འོས་དཔོད་དང་། སྲིད་འཛིན་ཞིབ་མཆན། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས། ཚོང་གཉེར་ཁོར་ཡུག་སོགས་གཙོ་གནད་སྒྱུར་བཅོས་ལས་འགན་ལ་དམ་པོར་དམིགས་ཏེ། འགན་འཁྲི་ཁ་གསལ་དང་། སྦྲེལ་ཐག་ཆ་ཚང་བ། གཅིག་ལ་གཅིག་སྦྲེལ་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལྷ་སའི་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་ཀྱི་སྤུས་རྟགས་ཁག་གཅིག་ཧུར་ཐག་གཏོད་དགོས།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社