分享按钮

སྙེ་མོ་རྫོང་དུ་ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཡིད་རྟོན་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་24ཉིན། “ཡིད་རྟོན་ལྷ་ས་ཚང་མས་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཡིད་རྟོན་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དེ་སྙེ་མོ་རྫོང་གི་ལྟེ་བའི་ཐང་ཆེན་དུ་སྤེལ་བ་རེད།

བྱེད་སྒོ་དེ་འགོ་ཚུགས་ཞབས་བྲོ་ལྷོ་ཁའི་སྒོར་གཞས་ཞེས་པའི་ཁྲོད་འགོ་ཚུགས་ཤིང་། བྱེད་སྒོའི་ཁྲོད། གློག་འཕྲིན་དྲ་རྒྱར་བརྟེན་ནས་ཁ་བསླུས་རྒྱག་པ་དང་། དྲ་རྒྱར་ཆ་འཕྲིན་རྫུས་མ་དང་དཀྲོག་གཏམ་བཟོ་བ། སྨན་རྫུན་མ་བརྒྱུད་བསྒྲགས་བྱེད་པ། ལག་ཁྱེར་མེད་པར་སྨན་བཅོས་བྱེད་པ།

ཁྲིམས་འགལ་ངང་སྨན་བཅོས་བྱེད་པ། གླ་ཆ་འགྱངས་ཆད་བྱེད་པ། ཁྲལ་གཡོལ་ཁྲལ་བསླུ་དང་འཛིན་ཤོག་རྫུན་མ་བཟོ་བ། ཁྲིམས་ཁང་གི་བཅད་ཁྲ་ལག་བསྟར་མི་བྱེད་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཡིད་ཆེས་ཤོར་བ། འགན་བཅོལ་ཐད་ནས་ཁ་བསླུས་རྒྱག་པ་སོགས་ཀྱི་གནད་དོན་19ལ་གཙོ་བོར་དམིགས་ཤིང་།དྲིལ་བསྒྲགས་འགྲེམས་པང་བཙུགས་པ་དང་། དྲི་བར་ལན་འདེབས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། སྤྱི་དམངས་ལ་ཡིད་རྟོན་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་། ཚང་མའི་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་དང་དབྱེ་འབྱེད་ཀྱི་ནུས་པ་ཆེ་རུ་བཏང་བ་རེད།

བྱེད་སྒོ་སྤེལ་རིང་། གསོན་ཉམས་དོད་པའི་པར་རིས་དང་མི་སེམས་འགུལ་བའི་གཏམ་རྒྱུད་སོགས་ལས་གྲུབ་པའི་ལྷ་ས་གྲོང་ཁྱེར་གྱི་ཡིད་རྟོན་དྲིལ་བསྒྲགས་ཀྱི་བརྙན་ཐུང་བསྟན་ནས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཡིད་རྟོན་གྱི་གལ་ཆེ་ལུགས་མངོན་པར་བྱས་ཡོད། དེ་དང་ཆབས་ཅིག་སྤྱི་དམངས་ལ་ཉེན་བརྡ་གཏོང་ཆེད། ཡུལ་དངོས་སུ་2024ལོར་ཡིད་རྟོན་ཤོར་བའི་མིའི་མིང་ཐོ་དམར་རྗེན་དུ་བཏོན་ནས་ཚང་མར་ཡིད་རྟོན་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། བྱེད་སྒོའི་ཁྲོད་ད་དུང་གླུ་གཞས་དང་། ཞབས་བྲོ། འཁྲབ་ཚན་ཐུང་གྲས། གཏམ་བརྗོད་ཟློས་གར་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས་ནས་བྱེད་སྒོའི་རྣམ་པ་འཁྲུག་ཏུ་བཏང་བར་མ་ཟད། རོལ་རྩེད་ཀྱི་ཞོར་དུ་ཡིད་རྟོན་སློབ་གསོ་སྤེལ་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་པ་རེད།

སྙེ་མོ་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་འཛིན་ཆོས་འཕེལ་གྱིས། སྙེ་མོ་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་སྒོ་ཆེན་པོ་ལྟ་བུར་ཆགས་ཡོད་པས། སྐུལ་ཁྲིད་ཀྱི་ནུས་པ་ལེགས་པར་འདོན་པ་དང་། རང་འགུལ་ངང་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་གི་ལས་དོན་དེ་གནས་བབ་གལ་ཆེན་དུ་བཟུང་ནས་ཇུས་འགོད་བྱས་ནས་སྐུལ་འདེད་གཏོང་བ། སྙེ་མོ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཁྱད་ཆོས་གསར་པ་ཧུར་ཐག་གཏོད་པ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལས་དོན་དེ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་སྒོ་ནས་སྙེ་མོ་རྫོང་གི་ཡིད་རྟོན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ལ། ང་ཚོས་ཐེངས་འདིའི་ཡིད་རྟོན་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། སྡེ་ཚན་ཁག་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་སྙེ་མོ་རྫོང་གི་ཡིད་རྟོན་འཛུགས་སྐྱོང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-28 6 6 拉萨日报藏文 c188556.html 1 སྙེ་མོ་རྫོང་དུ་ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཡིད་རྟོན་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ། /enpproperty-->