分享按钮

ཤའོ་ཡིའུ་ཚའེ་ཡིས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)ལྷ་སའི་འགག་སྒོའི་ཀོན་ཀྲང་གཞོན་པ་བསོད་ནམས་ནོར་བུ། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀྲང་ཁྲུན་དབྱང་། གྲོང་སྤྱི་གཞོན་པ་ལུའུ་ཚུང་ཧྥུ་དང་བློ་གསལ་བཅས་ཚོགས་འདུར་ཞུགས་ཡོད།

ཤའོ་ཡིའུ་ཚའེ་དང་ཐོག་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཆ་འཕྲིན་ཅན་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ། གླིང་ཁུལ་གྱི་ནུས་པ་བཀོད་སྒྲིག་དང་། གཉེར་སྐྱོང་དོ་དམ། ལས་སྒོའི་བརྒྱུད་རིམ་སོགས་ཀྱི་གནས་ཚུལ་གྱི་ངོ་སྤྲོད་ལ་ནན་ཏན་ངང་གསན་པ་དང་། ཚོང་འགུག་མ་འདྲེན་གྱི་ཁེ་ལས་དང་། དངོས་ཟོག་ཚོང་དོན། གླིང་ཁུལ་གྱི་སྲིད་ཇུས་སོགས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་བསྟན་དོན། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ནུས་པའི་ལེགས་ཆར་དམིགས་ཏེ། ལས་སྣོན་དང་། ཟོག་འགྲེམས། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་སོགས་ཁེ་ལས་ལེགས་གྲས་ནང་འདྲེན་ཤུགས་ཆེན་བྱས་ནས་ལྷ་སའི་ཁྱད་ཆོས་ལྡན་པའི་ཐོན་ལས་ཚོགས་པ་ཤིག་ཆགས་པར་བྱས་ཏེ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ནུས་གསར་པ་བསྣོན་དགོས།

བོད་ལྗོངས་ཙོན་ཡོན་ཚན་རྩལ་ཚད་ཡོད་ཀུང་སི་དང་། ནུས་རྒྱུ་གསར་པའི་རླངས་འཁོར་འཇོག་ས། བོད་ལྗོངས་ཧྭ་ཁྲེང་ཁེ་ལས་ཚད་ཡོད་ཀུང་སི་བཅས་སུ་ཤའོ་ཡིའུ་ཚའེ་ཕེབས་ཞོར་དང་གཟིགས་ཞོར་དུ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་རྒྱལ་མཚམས་སྒྲོལ་བའི་ལས་སྒོ་སྤེལ་ཚུལ་སོགས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་བསྟན་དོན། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། གོམ་སྟབས་རེ་རེ་བཞིན་སྤོས་ཏེ་ཁེ་ལས་ལ་དོ་དམ་རྣམ་པ་དང་བུ་རྫི་རྣམ་པའི་རྗེས་སྙེག་ཞབས་ཞུ་བསྒྲུབས་ནས་ཁེ་ལས་གང་མགྱོགས་གཉེར་སྐྱོང་ཐུབ་པ་དང་། སྔ་ཙམ་ནས་ཕན་འབྲས་ཐོན་ཐུབ་པར་བྱེད་དགོས། ཁེ་ལས་ལ་ཕན་པའི་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱེད་པ་དང་། ཁེ་ལས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་ནུས་པ་ཆེ་རུ་བཏང་སྟེ། ཁེ་ལས་གནས་ཐུབ་པ་དང་རྩ་བ་བརྟན་པོ་འཛུགས་ཐུབ་པར་བྱེད་དགོས།

དེའི་རྗེས་སུ། ཤའོ་ཡིའུ་ཚའེ་ཡིས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ལས་ཀའི་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། མིག་སྔའི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེཊ་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནི་རང་གྲོང་རྒྱུད་གཅིག་ལམ་གཅིག་ནང་ཞུགས་པའི་ལས་སྟེགས་གལ་ཆེན་ཞིག་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མངོན་འགྱུར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། གྲོང་ཨུད་ཀྱི་ལས་རིགས་ཁག་ལྔའི་འཕེལ་རྒྱས་ཁུལ་ཡག་པོ་འཛུགས་རྒྱུའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། འདུ་ཤེས་གསར་གཏོད་དང་ལམ་སྲོལ་མཐུན་སྦྱོར་སྔར་བས་ཡག་པོ་བྱེད་པ་དང་། དངོས་སྒྲུབ་ཀྱི་བྱེད་ཐབས་ཐོག་ནས་ཁྲལ་སྲུང་གི་འགག་སྒོ་སྒྲོལ་བའི་ཞབས་ཞུ་ཡག་པོ་བསྒྲུབས་ཏེ། ཕྱོཊ་བསྡུས་ཁྲལ་སྲུང་ཁུལ་གྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

བསམ་བློའི་འཆིང་རྒྱ་མེད་པར་བཟོ་དགོས་པ། བསམ་བློ་མང་ཙམ་གཏོང་བ་དང་། བསམ་བློར་བཅིངས་འགྲོལ་གཏོང་བ། སྔོན་ཐོན་ལ་སློབ་སྦྱོང་། དགེ་སྒྲུབ་སྐྱོན་སེལ། རྙིང་དོར་གསར་འཛུགས། དཀའ་གནད་སེལ་བ་བཅས་བྱས་ཏེ། སྒྱུར་བཅོས་ལ་བརྟེན་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་གཉེར་སྐྱོང་དང་དོ་དམ་གྱི་སྒྲིག་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། འགལ་ཟླའི་གནད་དོན་ལ་ཁ་གཏད་གཅོག་པ། འགག་གནད་དང་དཀའ་གནད་སེལ་བ་བཅས་བྱས་ཏེ། ཡིད་ཆེས་དང་ཆོད་སེམས་བརྟན་པོའི་ཐོག་ནས་བསམ་བློའི་འཆིང་རྒྱ་མེད་པར་བཟོས་ཏེ་ནུས་ཤུགས་ཡོད་རྒུས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་རྒྱ་སྟོབས་ཆེ་རུ་གཏོང་དགོས།

ལས་ཆོད་ཆེན་པོ་དོན་གཉེར་བྱེད་དགོས། ལས་ཆོད་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ལ་ཞིབ་འཇུག་ཁ་གསལ་བྱ་རྒྱུར་དམ་འཛིན་དང་། རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་སོགས་ལས་རྣམ་གསར་པ་གསོ་སྐྱོང་ཧུར་ཐག་བྱེད་པ། ལྕགས་ལམ་སོགས་ཆ་འགྲིག་བྱེད་ནུས་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ། ཐེག་ནུས་དང་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ། ཁེ་ལས་སྔར་བས་མང་བ་ནང་འདྲེན་བྱས་ཏེ་ལས་སྒོ་དར་རྒྱས་ཡོང་བར་མ་རྩ་འཇོག་པ་བཅས་བྱེད་དགོས། དེ་དང་ཆབས་ཅིག་ཏུ་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཚོང་འགུགས་རྣམ་གྲངས་ཚང་མ་དང་ཞབས་ཞུའི་ལས་དོན་ཚང་མར་དམིགས་ནས། མྱུར་ཚད་རེའུ་མིག་དང་ལམ་ཐིག་དཔེ་རིས་བཟོས་ཏེ། བཤད་མ་ཐག་སྒྲུབ་པ་དང་། འཕྲལ་དུ་སྒྲུབ་པ། བསྒྲུབ་ཚེ་ཡག་པོ་སྒྲུབ་པ་བཅས་ཀྱི་བྱ་སྤྱོད་ཐོག་ནས་མཚན་སྙན་དང་ལེགས་ཆ་ཐོབ་པར་བྱེད་དགོས།

རིམ་བརྩེགས་སྲིད་ཇུས་བེད་སྤྱོད་ལེགས་པོ་བྱེད་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཁོང་དུ་ཡང་དག་ཆུད་པའི་རྨང་གཞིའི་ཐོག ལྷ་སའི་དོན་དངོས་དང་ཁེ་ལས་ཀྱི་དགོས་མཁོར་ཟུང་འབྲེལ་བྱས་ནས། ཁྲིམས་དང་སྒྲིག་སྲོལ་ལྟར་སྲིད་ཇུས་ཞིབ་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱང་གིས་བསྩལ་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་ཆད་ལུས་མེད་པར་བེད་སྤྱོད་ཡག་པོ་བྱེད་པ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲིད་ཇུས་རིམ་བརྩེགས་ཀྱི་ཕན་འབྲས་ཆགས་པར་བྱས་ཏེ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

འདུ་ཤེས་ཀྱི་ཞབས་ཞུ་ལེགས་སུ་གཏོང་དགོས། ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ལས་ཆོད་ཆེ་རུ་བཏང་སྟེ་ནུས་ལྡན་ངང་ལས་དོན་གཅིག་ཡག་པོ་སྒྲུབ་པ་དང་འགལ་རྐྱེན་མེད་པའི་ངང་ལས་དོན་ཚང་མ་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་བཏང་ནས། ཞབས་ཞུ་ཡག་པོ་དང་ཁོར་ཡུག་རྩེ་གྲར་བརྟེན་ནས་ཁེ་ལས་ཡག་པོ་དང་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གླིང་ཁུལ་དུ་ཡོང་ནས་འཕེལ་རྒྱས་འགྲོ་རྒྱུར་ནང་འདྲེན་བྱེད་དགོས། རྩ་དོན་གྱི་རང་བཞིན་དང་བབ་བསྟུན་གྱི་རང་བཞིན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་འགུལ་ངང་མདུན་དུ་བསྐྱོད་དེ་ཞབས་ཞུ་སྒྲུབ་པ་དང་དགོས་མཁོ་ཁེ་ལས་ལ་འདྲི་བ་དང་། ཁེ་ལས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་གང་ཡོད་བཏོན་ནས་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། ཁེ་ལས་ཀྱིས་བློ་བདེ་པོའི་ངང་ཐོན་སྐྱེད་ལ་དམ་འཛིན་དང་། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱ་རྒྱུར་རོགས་རམ་བྱེད་དགོས།

ལྷ་སའི་འགག་སྒོ་དང་། བར་སྐོར་འགག་སྒོ། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན། དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས། ནོར་སྲིད་ཅུས། ཚོང་དོན་ཅུས། མ་འཇོག་སྐུལ་སྤེལ་ཅུས། སེམས་དྲོ་ཀུང་སི། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བརྟག་ཞིབ་ནང་ཞུགས་ཡོད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-22 6 6 拉萨日报藏文 c188449.html 1 ཤའོ་ཡིའུ་ཚའེ་ཡིས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་བརྟག་ཞིབ་གནང་བ། /enpproperty-->