分享按钮

སློབ་ཐོན་གྱེས་ཕྱག

བོད་ལྗོངས་སློབ་ཆེན། རིན་ཆེན་དར་དགའ།

དཔྱིད་ཀྱི་དཔལ་ཡོན་བཞད་འགོ་ཚུགས་ཤིང་ས་ཆེན་སྔོ་ལྗང་གཡུ་ལོས་བརྒྱན།།

ཁོ་ར་ཁོར་ཡུག་སྐྱེ་སྟོབས་དཔལ་འབར་སྣང་ཡུལ་གང་བལྟས་སྐྱིད་པའི་ཉམས།།

འོན་ཀྱང་འདི་སྣང་འཚོ་བ་གློག་གི་གར་ཞེས་ངོ་མཚར་ཅང་དབེན་ཡང་།།

གནས་འདིར་ཤེས་བྱའི་ལོ་འདབ་སྟུག་པོ་བདག་བློའི་མུན་སེལ་རྒྱུ་རུ་གྱུར།།

སྔོན་བསགས་ལས་ཀྱི་རྣམ་སྨིན་བཟང་པོས་རིག་པའི་གླིང་འདིར་འགྲིམས་སྐལ་བྱུང་།།

བཅུ་དྲུག་ལང་ཚོ་གོ་ཁར་མ་ལུས་མཚན་ལྡན་བཤེས་དང་མཇལ་སྐལ་བྱུང་།།

ལས་ཀྱིས་འདུས་པའི་འདུན་པ་གཅིག་པའི་ཐོས་གྲོགས་ཁྱུ་དང་འགྲོགས་སྐལ་བྱུང་།།

རྒྱན་གྱི་དང་པོ་ཤེས་རིག་དོ་ཤལ་ཟིལ་བ་ཙམ་ཞིག་མྱོང་སྐལ་བྱུང་།།

ལྔ་རིག་འདབ་བརྒྱ་ལྷུག་པོར་འཛུམ་པའི་ས་མཐོའི་གཙུག་ལག་ཚལ་ཞེས་གྲཌ།།

ཕ་ཁྱིམ་གཉིས་པ་བོད་ལྗོངས་སློབ་ཆེན་ཤེས་བྱའི་པང་ན་རོལ་སྐལ་སྐྱིད།།

དྲན་དབང་དུ་མས་ཤུལ་དུ་བཞག་པའི་གངས་ཅན་རིག་ནོར་གནས་འདིར་འཁྱིལ།།

སློབ་བུའི་གྲལ་མཐའ་ཐོས་དམན་བདག་ཀྱང་དེ་ཡི་བྱིན་རླབས་ནོད་སྐལ་བྱུང་།།

རིན་ཆེན་གླིང་དུ་འབྱོར་ཡང་སྟོན་ལོ་རླུང་བུས་འཁྱེར་ཚུལ་གྱི།།

གང་གཞོལ་གང་འབད་དམིགས་པ་བྲལ་བའི་ཅོལ་ཆུང་ང་འདྲ་ལ།།

མང་ཐོས་རིག་པའི་མཛོད་འཆང་དྲིན་གྱི་བདག་པོ་བཤེས་གཉེན་གྱིས།།

བྱམས་བརྩེའི་ཞལ་གདམས་མན་ངག་རེ་རེས་མ་འོངས་ཁ་ཕྱོཌ་སྟོན།།

རིག་པའི་ཕ་ས་གནས་འདིར་སླེབས་པ་སྟོང་ལོག་མི་ཡོང་སླད།།

གཏན་གྱི་བདེ་བ་ཡོད་ཚད་བྱེད་པོ་ཤེས་བྱ་ལ་རག་ན།།

འདི་རུ་བརྩོན་པ་ཨེན་ཙམ་དཔེ་ཆ་སྣ་རེ་བཀླགས་པའི་ཁུལ།།

རྒྱ་མཚོར་ནོར་བུ་ལེན་ལྟར་མི་ཚེའི་རིན་ཐང་བཙལ་ཁུལ་ཙམ།།

རང་གི་འཁྲི་ལས་ཕྲག་ཏུ་འདེགས་བཞིན་གནས་འདིར་དཔེ་ཀློག་རྩི་བཅུད་བཞིབས།།

དྲིན་ཅན་ནང་མིའི་རེ་བ་སེམས་བཞིན་གནས་འདིར་མ་འོངས་ལམ་བུ་བཙལ།།

བཤེས་གཉེན་དམ་པའི་གདམས་ངག་ཉན་བཞིན་གནས་འདིར་དལ་འབྱོར་རིན་ཐང་རྙེད།།

རང་གིས་རང་ཉིད་ཤ་ཚ་ཤེས་བཞིན་གནས་འདིར་དུས་ཚོད་དམ་དུ་འཛིན།།

དུས་ཀྱི་ཉག་ཕྲན་སྐད་ཅིག་སྐད་ཅིག་དངོས་གཞིའི་བགྲང་བྱ་གཉིས་ཟུང་ཡང་།།

དར་ཅིག་ངང་ནས་འཁྱུག་སྟེ་སློབ་ཐོན་ཅོང་བརྡས་གྱེས་ཕྱག་ཕོ་ཉ་བསྐུལ།།

ཡིད་ཀྱི་སེམས་འགྱུ་དགའ་སྐྱོ་འདྲེས་མ་རེ་ཞིག་འཇགས་པའི་སྐབས་དབེན་ཡང་།།

ལྡོག་ཐབས་ཟད་པས་ཀུན་ལ་ཐུགས་རྗེའི་དྲིན་གཟོ་བཏབ་དང་གདབ་ངེས་ལཌ།།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-22 བོད་ལྗོངས་སློབ་ཆེན། རིན་ཆེན་དར་དགའ། 6 6 拉萨日报藏文 c188448.html 1 སློབ་ཐོན་གྱེས་ཕྱག /enpproperty-->