分享按钮

ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོས་དགེ་རྒན་དུས་ཆེན་ཐེངས་40པར་ རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོས་དགེ་རྒན་དུས་ཆེན་ཐེངས་40པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ནས་སྔོན་ཐོན་གྱི་སློབ་གསོའི་ལས་དོན་པར་གཟེངས་བསྟོད་བྱས་པ་རེད།

བྱེད་སྒོ་སྤེལ་རིང་། སློབ་གསོ་སློབ་ཁྲིད་ལས་དོན་གྱི་ཕུལ་བྱུང་དགེ་རྒན་དང་། ཕུལ་བྱུང་འཛིན་གྲྭའི་ཀྲུའུ་རེན། ཕུལ་བྱུང་སློབ་གྲྭ་རིམ་པའི་དོ་དམ་པ་སོགས་ལ་གཟེངས་བསྟོད་བྱས་པ་རེད། ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་སློབ་སྤྱི་ཝུའུ་ཀྲེ་ཡུང་སོགས་སློབ་གྲྭའི་འགོ་ཁྲིད་ཀྱིས་སྔ་རྗེས་སུ་སློབ་ཁྲིད་ལོ་ཚད་ལོ་25དང་སློབ་ཁྲིད་ལོ་ཚད་ལོ་30ཡན་ཟིན་པའི་དགེ་རྒན་ལ་གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲད་པ་རེད།

ཕུལ་བྱུང་བོད་སྐྱོར་དགེ་རྒན་གྱི་འཐུས་མི་ཧྲ་ཅིན་ལིན་གྱིས། དགེ་རྒན་དུས་ཆེན་ཐེངས་40པ་འཆར་ལ་ཉེ་བའི་སྐབས་སུ་ང་ལ་ཕུལ་བྱུང་བོད་སྐྱོར་དགེ་རྒན་གྱི་མཚན་སྙན་ཐོབ་པ་དེས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་ཚོ་རང་ཉིད་ལ་དབང་བའི་དུས་ཆེན་འདིར། ངས་སེམས་གཏིང་ནས་དགེ་རྒན་ཚང་མར་དུས་ཆེན་ལ་བཀྲ་ཤིས་བདེ་ཞུ་རྒྱུ་དང་། གཟུགས་གཞི་བདེ་ཐང་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད།

ད་ལོ་སླེབས་ཚུན། ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་དགེ་རྒན་དང་ལས་བཟོ་བ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ། མི་དམངས་ཀྱི་བློ་ལ་བབ་པའི་སློབ་གསོ་ལེགས་པར་གཉེར་རྒྱུ་དམིགས་ཡུལ་དུ་འཛིན་པ། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། དུས་རབས་གསར་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་གཡུར་ཟའི་གྲུབ་འབྲས་མངོན་པ། རྒྱ་ཆེའི་དགེ་རྒན་གྱི་ཀུན་སྤྱོད་བཟང་པོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ། རང་རྟོན་རང་དར་གྱི་བསམ་པའི་ཉམས་འགྱུར་མངོན་པ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་ཀྱི་སྒོ་ནས་བློ་ཐག་རྦད་ཆོད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཡོན་ཏན་ཅན་གསོ་སྐྱོང་བྱེད་པའི་བླ་ན་མེད་པའི་ལས་འགན་ཁུར་བར་མ་ཟད། ཁྲེང་ཀོན་གྱི་སློབ་གསོའི་སྤུས་མཐོའི་འཕེལ་རྒྱས་ལའང་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-10 6 6 拉萨日报藏文 c187664.html 1 ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོས་དགེ་རྒན་དུས་ཆེན་ཐེངས་40པར་ རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ། /enpproperty-->