ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 2024ལོའི་རྒྱལ་ཡོངས་རྩིས་པའི་ཆེད་ལས་ཀྱི་འབྲིང་རིམ་ཐོབ་ཐང་ཡིག་རྒྱུགས་ཀྱི་བོད་ལྗོངས་རྒྱུགས་ཁུལ་གྱི་ཡིག་རྒྱུགས་བདེ་བླག་ངང་གཏོང་འགོ་ཚུགས་པ་རེད།བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོ་བོད་ལྗོངས་རྒྱུགས་ཁུལ་གྱི་ཡིག་རྒྱུགས་ནང་མིང་ཐོ་འགོད་མཁན་མི་གྲངས་2769ཟིན་པ་དེ་2023ལོ་དང་བསྡུར་ན་མི་གྲངས་759ཉུང་དུ་ཕྱིན་ཡོད་པ་རེད།
ད་ཐེངས་ཀྱི་ལྗོངས་ཡོངས་ཀྱི་ཡིག་རྒྱུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ནོར་སྲིད་པུའི་གཅིག་གྱུར་ཡིག་རྒྱུགས་ས་ཚིགས(རྒྱུགས་ར)བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་ནོར་སྲིད་ཅུས་སྒྲིག་འཛུགས་བྱས་ཏེ་རྒྱུགས་རའི་ཁོར་ཡུག་ལ་ཞིབ་བཤེར་དང་།ཡིག་རྒྱུགས་ཀྱི་མཁྲེགས་ཆས་སྒྲིག་ཆས་ལ་ཞིབ་བཤེར། ཡིག་རྒྱུགས་གོང་གི་བརྒྱུད་རིམ་ཧྲིལ་པོའི་ལད་མོའི་ཚད་ལེན་ཚོད་ལྟ་དང་ནང་སྦྱོང་སོགས་ཀྱི་ལས་དོན་སྔ་སྣུར་དུ་ཡག་པོ་བསྒྲུབས་ནས་ཡིག་རྒྱུགས་ལ་མཁོ་བའི་སྒྲིག་ཆས་དང་།དྲ་བ།གློག་ཤུགས་བཅས་འགན་ལེན་གྱི་བརྟན་ལྷིང་རང་བཞིན་ལ་གཙོ་གནད་ཞིབ་བཤེར་བྱས་ཏེ་ཡིག་རྒྱུགས་བདེ་བླག་ཡོང་བའི་འགན་ལེན་བྱས་པ་རེད།བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རྒྱུགས་སྤྲོད་སློབ་མར་ཞབས་འདེགས་ཞུ་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ་བོད་ལྗོངས་ཀྱི་རྩིས་པའི་དྲ་བ་དང་སྐད་འཕྲིན་སྤྱི་རྟགས་སོགས་ལས་སྟེགས་བརྒྱུད་རྒྱུགས་སྤྲོད་སློབ་མར་རྒྱུགས་སྤྲོད་ཀྱི་འབྲེལ་ཡོད་ཆ་འཕྲིན་རང་འགུལ་ངང་མཁོ་འདོན་དང་། དྲིལ་བསྒྲགས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རྒྱུགས་སྤྲོད་སློབ་མ་དེ་བས་མང་བ་རྒྱུགས་སྤྲོད་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད། དེ་དང་ཆབས་ཅིག་རྒྱལ་ནང་གི་ཕུལ་བྱུང་ཆེད་ལས་དགེ་རྒན་གདན་དྲངས་ནས་རྒྱུགས་མ་སྤྲད་གོང་གི་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་རང་ལྗོངས་ཀྱི་རྩིས་པའི་ཆེད་ལས་ཀྱི་འབྲིང་རིམ་ཐོབ་ཐང་གི་རྒྱུགས་སྤྲོད་གོང་གི་ཟུར་ཁྲིད་ལས་དོན་ལ་སྐུལ་འདེད་གཏོང་བ་དང་རང་ལྗོངས་ཀྱི་རྒྱུགས་སྤྲོད་སློབ་མའི་ཆེད་ལས་ཤེས་བྱའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རམ་འདེགས་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་ད་དུང་རྒྱུགས་མ་སྤྲད་གོང་རྒྱུགས་དོན་ལས་དོན་པའི་གསོ་སྦྱོང་ཚོགས་འདུ་འཚོགས་ནས་རྒྱུགས་སྤྲོད་ལྟ་ཞིབ་མི་སྣ་འདེམས་སྒྲུག་དང་གསོ་སྦྱོང་བྱས་ཏེ་རྒྱུགས་དོན་ལས་དོན་པའི་ཆབ་སྲིད་ཀྱི་ཚུགས་གནས་དང་སྟབས་བསྟུན་ནུས་པ་ཆེ་རུ་བཏང་སྟེ།རྒྱུགས་རའི་སྒྲིག་ལམ་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་པ་རེད། ས་གནས་དང་གྲོང་ཁྱེར་ཁག་གི་ནོར་སྲིད་སྡེ་ཚན་གྱིས་སྤྱི་བདེ་དང་བཟོ་འཕྲིན་སོགས་སྡེ་ཚན་དང་འབྲེལ་གཏུགས་ཧུར་ཐག་བྱས་ཏེ་རྒྱུགས་སྤྲོད་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག་བྱེད་པ་དང་། རྒྱུགས་སྤྲོད་ས་ཚིགས་ཀྱི་མཐའ་འཁོར་ཁོར་ཡུག་ལེགས་སུ་གཏོང་བ། རྒྱུགས་སྤྲོད་སློབ་མ་དང་རྒྱུགས་སྤྲོད་དང་འབྲེལ་བ་ཡོད་པའི་མི་སྣས་ཚན་རྩལ་མཐོ་བའི་ཐོན་རྫས་འཁྱེར་ནས་རྒྱུགས་རར་འཛུལ་རྒྱུ་ནན་འགོག་བཅས་བྱས་ནས་རྒྱུགས་སྤྲོད་སྐབས་གཡོ་ལས་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ཡོད་པ་རེད། འགྲེམས་པང་འཛུགས་པ་དང་འཕྲེད་འགེལ་སྦྱར་ཡིག་སྦྱར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཡིད་རྟོན་ཡིག་རྒྱུགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྒྱུགས་སྤྲོད་སློབ་མའི་ཡིད་རྟོན་ཡིག་རྒྱུགས་ལ་ཁྲིད་སྟོན་བྱས་པ་རེད།
ཡིག་རྒྱུགས་གཏོང་རིང་། རྒྱུགས་ཁུལ་དང་རྒྱུགས་རའི་རིམ་ཁག་འགོ་ཁྲིད་ངོ་མས་རྒྱུགས་རར་སྐོར་ཞིབ་མཛུབ་ཁྲིད་བྱེད་པ་དང་འབྲེལ་རྒྱུགས་རའི་ཡིག་རྒྱུགས་ཁོར་ཡུག་ཡག་པོ་དང་གོ་རིམ་ལྡན་པའི་ཡིག་རྒྱུགས་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་རེད། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་སུན་ཧྥུང་གིས་སླད་ཕྱིན་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རང་ལྗོངས་ཀྱི་རྩིས་པའི་ཆེད་ལས་པ་གསོ་སྦྱོང་དང་གསོ་སྐྱོང་དང་གདམ་གསེས་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རང་ལྗོངས་ཀྱི་རྩིས་པའི་ཆེད་ལས་ནུས་པ་དང་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ།རང་ལྗོངས་ཀྱི་དེང་རབས་རྩིས་གཉེར་དོ་དམ་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社