(པར་ངོས་དང་པོར་མཐུད)ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས།ཨེ་ཤེ་ཡ་ལྷོ་མར་ཁྱབ་འགྱེད་བྱ་རྒྱུ་དང་།ཁྲེང་ཏུའུ་དང་གྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་དང་སྦྲེལ་མཐུད་བྱ་རྒྱུ་སོགས་ལ་དམིགས་ཏེ། རང་གྲོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”ཟོག་འགྲེམས་འཆར་འགོད་ཧུར་ཐག་བཟོ་དགོས་པ་དང་དེང་རབས་ཚོང་དོན་གྱི་འཁོར་རྒྱུག་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། སྐྱེལ་འདྲེན་གྱི་གྲུབ་ཚུལ་ལེགས་སུ་གཏོང་བ་དང་།ལྕགས་ལམ་འགག་སྒོའི་འབྲེལ་ཡོད་སྲིད་ཇུས་ལ་ཆེད་དམིགས་ཞིབ་འཇུག་བྱེད་པ། ཚོང་ཟོག་འབོར་ཆེན་སྐྱེལ་འདྲེན་བྱེད་པའི“གཞུང་ལམ་ནས་ལྕགས་ལམ་ལ་སྒྱུར་བར”སྐུལ་འདེད་ཧུར་ཐག་གཏོང་བ། སྐྱེལ་འདྲེན་གྱི་ལས་ཆོད་སྔར་བས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་སྐྱེལ་འདྲེན་གྱི་མ་གནས་དམའ་རུ་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི་གྲངས་གཅིག་མཐོ་རུ་ཕྱིན་ཚེ། གཞི་ཁྱོན་དུང་ཕྱུར་ཁྲི་ཙམ་ཟིན་པའི་གསར་འཕར་མ་འཇོག་གི་དགོས་མཁོར་ཡར་སྐུལ་བྱེད་ཐུབ་པས་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དེ་དགོས་གལ་ཧ་ཅང་ཆེ་བ་དང་ཁ་ཚ་དགོས་གཏུགས་ཤིག་རེད། ཆོས་ཉིད་གཞིར་བཟུང་ལས་དོན་སྒྲུབ་པ་དང་སྒྲིག་སྲོལ་གཞིར་བཟུང་ལས་དོན་སྒྲུབ་དགོས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བའི་ནང་ཞིང་འབྲོག་པའི་འདོད་བློར་བརྩི་འཇོག་གང་ལེགས་བྱས་ཏེ་གཅིག་སྡུད་འོས་འཚམ་དང་། ཚན་རིག་དང་མཐུན་པའི་འཆར་འགོད། གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཅས་བྱེད་དགོས། གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དང་རྫོང་གྲོང་ཁག་གི་གྲོང་ཁུལ་གཙོ་བོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་གསབ་པ་དང“ཕར་ཆིན་རྒྱག་པ་ལྟ་བུའི”སྙིང་རུས་སྤྱད་དེ་གྲོང་ཁྱེར་བཅོས་སྐྱོང་ཞིབ་ཚགས་བྱས་ནས་ལྷ་ས་འདི་ཉིད“ལྷོ་བྱང་རི་བོ་སྔོ་ལྗང་གིས་ཁེངས་པ་དང་། གནའ་གྲོང་ཆུ་ཡིས་བསྐོར་བའི”སྐྱེ་ཁམས་བཟང་བའི་ས་མཐོའི་ཞིང་ཆེན་གྱི་གྲོང་ཁྱེར་ཞིག་ཏུ་འགྱུར་བར་བྱེད་དགོས་པ་དང་།ས་གནས་དེ་གའི་མི་རྣམས་སྤོབས་པ་སྐྱེ་འོས་པ་དང་ཡུལ་གཞན་གྱི་མི་རྣམས་ཡིད་སྨོན་སྐྱེ་འོས་པ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།
ཚོགས་འདུའི་ཐོག སྲིད་གཞུང་གི་སྤུས་ཚད་བྱ་དགའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་མགྱོགས་མྱུར་བསྐྲུན་རྒྱུར་སྤུས་ཚད་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་ཀྱི་ཆེས་ཆུང་གྲས་ཀྱི་སྤྱི་པའི་བར་མཐོངས་མཐོར་གཏོང་གི་ཚོད་ལྟའི་གྲོང་ཁྱེར་ཞིག་ཡིན་པའི་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དོ་དམ་དེ་གཞི་རིམ་བཅོས་སྐྱོང་གི་མ་ལག་ནང་འཇུག་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་འབད་བརྩོན་བྱས་ཏེ་གཞི་གྲངས་དང་དངོས་གྲངས་མཐིལ་རྟོགས་དང་རྩིས་ཐོ་ཅན་གྱི་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག མི་རིགས་ཀྱི་གོམས་སྲོལ་དང་ཆོས་ལུགས་ཀྱི་དད་མོས་ལ་བརྩི་འཇོག་གང་ལེགས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་གཤིན་པོ་དུར་འཇུག་གི་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།
ཚོགས་འདུའི་ཐོག་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། སེམས་ཤུགས་གཅིག་སྒྲིལ་གྱིས་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་རྒྱུག་གི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། སྲིད་ཇུས་དོན་ཚན་8སྔར་བས་ལེགས་སུ་དང་འཐུས་ཚང་དུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོའི་འཕེལ་རིམ་མགྱོགས་སུ་གཏོང་བ། བསྡོམས་རྩིས་མཛོད་འཇུག་ལས་དོན་དུས་ཐོག་ཏུ་ཚད་ལྡན་ངང་ལེགས་པར་སྒྲུབ་པ། སེམས་ནུས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། བྱ་ཐབས་མང་པོ་མཉམ་དུ་སྤྱད་དེ་སྟོན་ལས་བརྟན་པོ་ཡོང་བའི་རྨང་གཞི་བརྟན་དུ་གཏོང་བ།ཐོན་སྐྱེད་བདེ་འཇགས་ཡོང་བར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཡང་ཞིབ་འཇུག་བྱས་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社