分享按钮

སུའུ་ཀྲོའུ་ཡིས་ལོ་ངོ་30ཡི་རིང་བོད་སྐྱོར་གྱི་ལས་ལ་འབད་པས་གཞོལ་བས་ལྷུན་གྲུབ་རྫོང་གི་ཕྱོགས་གང་ཅིའི་ཐད་འཕེལ་རྒྱས་ཡག་པོ་བྱུང་བ།

(པར་ངོས་དང་པོར་མཐུད)བོད་སྐྱོར་སྨན་པས་ཐེངས་དང་པོའི་གཤགས་བཅོས་ཁྱོན་ཁག་35ལེགས་སྒྲུབ་བྱས་པ་དང་སྨན་བཅོས་ལག་རྩལ་གསར་པ་ཁག་58ནང་འདྲེན་བྱས་ཡོད།སུའུ་ཀྲོའུ་དང་ལྷུན་གྲུབ་ཀྱི་དྲ་ཐོག་སྨན་བཅོས་དང་། བོད་སྐྱོར་འོད་སྣང་བྱ་སྤྱོད།ལྷད་མེད་ཀྱི་བརྩེ་བས་སེམས་ལ་དྲོ་སྐྱིད་སྦྱིན་སོགས་སྤུས་རྟགས་ཀྱི་སྤྱི་ཕན་སྨན་བཅོས་བྱེད་སྒོ་ཐེངས་110སྤེལ་བས་མང་ཚོགས་མི་ཐེངས་ཁྲི་2.3ལ་ཕན་པ་ཐོབ་ཡོད་ལ།མི་ཐེངས་ཁྲི་6.4ལ་ཐུམ་འབུའི་ནད་གྲལ་བཤེར་དང་།སྐྱ་འགྲིབ་ཀྱི་གཤགས་བཅོས་200ལྷག་ཙམ་བྱས་པ་དང་། མི་ཐེངས་ཁྲི་1.44ལ་ལྷན་སྐྱེས་སྙིང་ནད་ཡོད་མེད་བརྟག་དཔྱད་བྱས་པར་མ་ཟད། ད་དུང་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་43ལ་སྨན་བཅོས་བྱས་པ་རེད། སུའུ་ཀྲོའུ་ཡི་བོད་སྐྱོར་སྨན་བཅོས་ཚོགས་ཆུང་ཕེབས་པ་དེས་ལྷུན་གྲུབ་རྫོང་གི་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་ཡག་པོ་བྱུང་ཡོད།

བོད་སྐྱོར་སྨན་པ་ཁྲེང་ཅ་ལེ་ཡིས་ལོ་17རིང་ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་ལ་ལག་རྩལ་གྱི་སྟོང་ཆ་མང་པོ་ཞིག་བསབས་པ་དཔེར་ན། CTདང་སྐྱ་འགྲིབ་གཤགས་བཅོས་སོགས་རེད། དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ་དང་གཅིག་རོགས་གཅིག་ཁྲིད་ཀྱི་སློབ་ཁྲིད་ལམ་སྲོལ་བརྒྱུད་ས་གནས་དེ་གའི་རྐང་འཛིན་སྨན་པ་མང་པོ་གསོ་སྐྱོང་བྱས་ནས་ས་གནས་དེ་གའི་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ད་བར་སུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ས་ཆ་འདིར་བརྩེ་བ་བཅངས་ཤིང་།འགན་ཁུར་ནས་ལྷུན་གྲུབ་རྫོང་གི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་འཆར་གཞི་ཇུས་འགོད་ཧུར་ཐག་བྱས་ཡོད།ཁོང་ཚོས་བརྟག་ཞིབ་གཏིང་ཟབ་དང་ཕྱོགས་མང་པོར་བསྐྱོད་དེ་ཁེ་ལས་ཀྱིས་ལྷུན་གྲུབ་རྫོང་དུ་མ་འཇོག་བྱས་ནས་ཇ་འདེབས་འཛུགས་རྟེན་གཞི་འཛུགས་རྒྱུའི་ཡིད་དབང་བཀུག་ཡོད།

ལྷུན་གྲུབ་རྫོང་ཇ་ཤིང་རྣམ་གྲངས་ཀྱི་འགན་འཁུར་བ་ཧོའུ་ཞུའེ་ཅང་གིས་ང་ཚོ་ནི་སུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཚོང་འགུགས་མ་འདྲེན་བྱས་པ་ཞིག་ཡིན།མིག་སྔར་དུས་ཐེངས་དང་པོར་འདེབས་འཛུགས་གཞི་ཁྱོན་ཐད་མུའུ་100ཟིན་གྱི་ཡོད།ང་ཚོས་ས་གནས་དེ་གའི་མང་ཚོགས་ལས་ཞུགས་ཐུབ་པར་བྱེད་ཀྱི་ཡོད་པར་མ་ཟད། ང་ཚོས་ཇ་ཤིང་རྣམ་གྲངས་འདི་ཉིད་རྒྱ་སྟོབས་ཆེ་རུ་བཏང་ནས་ལྷུན་གྲུབ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འབབ་འཕར་ཆེད་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།

ཁོང་གིས་གཞན་ཡང་སུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ལྷུན་གྲུབ་རྫོང་གི་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་2017ལོ་ནས་བཟུང་མ་དངུལ་སྒོར་ཁྲི་1500བཏང་ནས་ལྷུན་གྲུབ་རྫོང་གི་ཞིང་རའི་ས་ཕུག་དང་ཚོགས་ཁང་ཆེ་མོའི་ཉམས་བཟོ་དང་སྲུང་སྐྱོང་ཐད་སྤྱད་པ་དང་འབྲེལ་2019ལོར་དངོས་སུ་བེད་སྤྱོད་བྱས་ནས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་རེད། མིག་སྔར།ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་2ལ་སྣེ་ལེན་ཞུས་ཡོད་ལ། གསར་བརྗེའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བསྐྲུན་ནས་གསར་བརྗེའི་ཡུལ་སྐོར་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད།

སུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པ་དང་ལྷུན་གྲུབ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲའོ་ཝེ་ཡིས་ཡུལ་སྐོར་བ་དེ་བས་མང་བ་གནས་འདིར་ཡོང་ཆེད། སུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་2023ལོ་ནས་བཟུང་མ་དངུལ་སྒོར་ཁྲི་2000བཏང་ནས་བྱང་ཁ་ཤང་གི་གསར་བརྗེའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུར་སྤྱད་དེ་ལྷུན་གྲུབ་ཞིང་རའི་མཐའ་འཁོར་དུ་སྟག་མགོ་ཆུ་མཛོད་དང་འབྲི་གཡག་འགྲེམས་སྟོན་ཁང་སོགས་ཚུད་པའི་ས་ཚིགས་བསྐྲུན་པ་དང་ས་ཚིགས་སྦྲེལ་མཐུད་བྱས་ཏེ་གསར་བརྗེའི་ཡུལ་སྐོར་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་བཏང་བ་རེད།དེ་དང་ཆབས་ཅིག་མ་དངུལ་སྒོར་ཁྲི་5013བཏང་ནས་ལྷུན་གྲུབ་རྫོང་ཞིང་རའི་གསར་བརྗེའི་རིག་གནས་གསོ་སྦྱོང་ཁུལ་གཏོད་རྒྱུར་སྤྱད་དེ་ལྷུན་གྲུབ་རྫོང་ཞིང་རར་ལྟ་སྐོར་དུ་ཡོང་མཁན་ཡུལ་སྐོར་བས་གསར་བརྗེའི་རིག་གནས་ལ་སློབ་སྦྱོང་སྔར་བས་གཏིང་ཟབ་ཐུབ་པ་དང་ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་སྔར་བས་སྐུལ་ཁྲིད་ཐུབ་པར་བྱས་ཡོད་ཅེས་བཤད་བྱུང་།

སུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་འབད་བརྩོན་འོག་ལྷུན་གྲུབ་རྫོང་གི་ཐོན་ལས་ཉིན་བཞིན་དར་རྒྱས་འགྲོ་བ་དང་། སྨན་བཅོས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ།སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བ་སོགས་རིག་གནས་ཡུལ་སྐོར་ཐོན་ལས་ལ་གསོན་ཤུགས་གསར་པ་འཕེལ་བཞིན་ཡོད་པ་རེད།

ལྷུན་གྲུབ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་བློ་བསྟན་གྱིས་བོད་སྐྱོར་བྱས་ནས་ལོ་ངོ་30ཡི་རིང་།ཅང་སུའུ་བོད་སྐྱོར་གྱིས་མ་དངུལ་གྱི་བརྒྱ་ཆ་80གཞི་རིམ་དང་དམངས་འཚོར་གཏོང་བའི་རྩ་དོན་གཞིར་བཟུང་། ལོ་ངོ་30ཡི་རིང་མ་དངུལ་སྒོར་དུང་ཕྱུར་12.88བཏང་ནས་སློབ་གསོ་དང་། སྨན་བཅོས། ཐོན་ལས་མཐོར་གཏོང་བཅས་ཀྱི་ཁྱབ་ཁོངས་ཀྱི་རྣམ་གྲངས་145དོན་འཁྱོལ་བྱས་པས་ལྷུན་གྲུབ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེས་ཆེར་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་ལོ་ལྟར་རྣམ་གྲངས་10ཡན་རྒྱུན་འཁྱོངས་བྱས་པར་མ་དངུལ་སྒོར་ཁྲི་བརྒྱད་སྟོང་ཡན་བཏང་སྟེ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་ཅེས་གསུངས།

སུའུ་ཀྲོའུ་ཡི་བོད་སྐྱོར་ནི་ལེ་དབར་སྟོང་གི་སར་བསྐྱོད་པའི་གཅེས་སེམས་བརྒྱུད་སྤྲོད་ཅིག་དང་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་རོལ་དབྱངས་ལྟ་བུ་ཞིག་རེད། སུའུ་ཀྲོའུ་གྲོང་ཁྱེར་གྱི་རྒྱུན་མཐུད་རོགས་སྐྱོར་འོག་ལྷུན་གྲུབ་རྫོང་འདི་ཉིད་སྔར་བས་དཔའ་ངར་ཆེར་སྐྱེད་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུའི་ཡིད་ཆེས་ཡོད་ལ། ལྷུན་གྲུབ་རྫོང་གི་ལས་བྱེད་མང་ཚོགས་ཚོས་ཀྱང་བྱ་སྤྱོད་དངོས་ཀྱི་ཐོག་ནས་དེ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཏེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ས་གཞི་དེའི་ཐོག་དེ་བས་མཛེས་སྡུག་ལྡན་ཞིང་བཀྲག་མདངས་རྒྱས་པར་བྱས་ནས་ལྷུན་གྲུབ་རྫོང་གི་རྣམ་པ་གསར་པ་མཉམ་དུ་གཏོད་རྒྱུ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-10 6 6 拉萨日报藏文 c187657.html 1 སུའུ་ཀྲོའུ་ཡིས་ལོ་ངོ་30ཡི་རིང་བོད་སྐྱོར་གྱི་ལས་ལ་འབད་པས་གཞོལ་བས་ལྷུན་གྲུབ་རྫོང་གི་ཕྱོགས་གང་ཅིའི་ཐད་འཕེལ་རྒྱས་ཡག་པོ་བྱུང་བ། /enpproperty-->