分享按钮

མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་འབུར་ལུག་གངས་རིའི་སྒར་ས་ཆེ་མོར་བཅར་འདྲི་བྱས་པ།

མཚོ་བོད་ས་མཐོའི་འཁྱགས་རོམ་ཆེ་ཤོས་ཡིན་པའི་འབུར་ལུག་གངས་རིའི་འཁྱགས་རོམ་ཨང་10པའི་མཇུག་མཐའི་སྤྱི་ལེ་གཉིས་གསུམ་སར་ཁ་དོག་སེར་པོ་དང་ལྗང་ཁུའི་གུར་ཕུབ་ཡོད་ཅིང་།བྱེད་སྒོ་ཁང་30ལྷག་ཙམ་བརྒྱབ་ཡོད། དེ་ནི་འབུར་ལུག་གངས་རིའི་ཚན་རིག་རྟོག་ཞིབ་སྒར་ས་གཙོ་བོ་ཞིག་ཡིན་པ་དང་།མིག་སྔར་ཚན་རིག་རྟོག་ཞིབ་ལས་འགན་ཚོགས་ཆུང་ཁག་གིས་ལས་དོན་སྤེལ་འགོ་ཚུགས་ཡོད། ད་ལོའི་ཟླ་8པར་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི“ཆུ་སྤེ་སྲུང་སྐྱོང་དང་།‘ཆུ་འགོ་གཅིག་དང་། མཚེའུ་གཉིས། གཙང་པོ་གསུམ’ཞེས་པའི་མཚོན་རྟགས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱེད་སྒོ”གལ་ཆེན་སྤེལ་འགོ་བརྩམས།འབུར་ལུག་གངས་རི(ཆུ་འགོ་གཅིག)དང་། སེར་གླིང་མཚོ་དང་གནམ་མཚོ(མཚོ་གཉིས) དེ་བཞིན་འབྲི་ཆུའི་ཆུ་འགོ་དང་རྒྱལ་མོ་རྔུལ་ཆུ། ཡར་ཀླུང་གཙང་པོའི་ཆུ་འགོ(གཙང་གསུམ)སོགས་འགག་རྩའི་ས་ཁོངས་ལ་དམིགས་ནས་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་བྱ་རྒྱུ་རེད།འབུར་ལུག་གངས་རི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་ཤིང་།རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་ཏེ།བོད་ཀྱི་མཚེའུ་གཉིས་རྫོང་གི་བྱང་ཤར་ནས་སྤྱི་ལེ་90ཙམ་གྱི་སར་གནས་ཡོད།དེ་ནི་འཛམ་གླིང་ཐོག་གི་ས་མཐོའི་འཁྱགས་རོམ་གྱི་དཔེ་མཚོན་ཞིག་ཡིན་པར་མ་ཟད། ཕན་ཚུན་འབྲེལ་བའི་འཁྱགས་རིམ་མང་པོ་ཞིག་ལས་གྲུབ་པ་ཞིག་ཡིན།འཁྱགས་རོམ་ལྟེ་གནས་ནས་མཐའ་འཁོར་གྱི་རི་ལུང་ཁག་ལ་ཆུ་ལག་50ལྷག་བཞུར་གྱི་ཡོད་པས།འཕྲེད་ཐིག་ཏུའུ་གྲངས་དམའ་འབྲིང་གི་འཁྱགས་རོམ་ཆེ་ཤོས་ཤིག་ཡིན། གོ་ལ་ཧྲིལ་པོའི་དྲོད་ཚད་མཐོ་རུ་ཕྱིན་པར་བརྟེན། འབུར་ལུག་གངས་རི་ནི་དམའ་རུ་འགྲོ་བའི་རྣམ་པར་གནས་ཡོད།ཞིབ་འཇུག་ལས་མངོན་པར། 2000ལོར་འབུར་ལུག་གངས་རིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་420ལྷག་ཙམ་ཟིན་པ་དང་།2021ལོར་སྤྱི་ལེ་ངོས་གྲུ་389ཙམ་བར་ཉུང་དུ་ཕྱིན་ཡོད། པར་འདི་ནི་ཚན་རིག་རྟོག་ཞིབ་རུ་མི་སྦག་སྦག་བཞོན་ནས་འཁྱགས་རོམ་དུ་ལས་ཀ་བྱེད་བཞིན་པའི་རྣམ་པ་ཡིན། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-10 6 6 拉萨日报藏文 c187650.html 1 མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་འབུར་ལུག་གངས་རིའི་སྒར་ས་ཆེ་མོར་བཅར་འདྲི་བྱས་པ། /enpproperty-->