分享按钮

ལོ་སྟོད་དུ་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།

གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ་8.4འཕར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་4ཉིན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་བསུ་བ་ཞུ་བའི་བོད་རང་སྐྱོང་ལྗོངས་ཀྱི་རིམ་སྤེལ་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་སྐོང་ཚོགས་བྱས་ཏེ།ད་ལོར་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་བ་རེད། གསར་འགྱུར་མགྲིན་ཚབ་པ་དང་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་ཕུར་སྒྲོན་གྱིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་ཞིང་གསུམ་ལས་དོན་གྱི་ལྟེ་བའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ལས་ཞུགས་ལ་སྣེ་ཁྲིད་དང་། འཛད་སྤྱོད་ལ་སྐུལ་འདེད། རྣམ་གྲངས་ལ་སྐུལ་ཁྲིད་སོགས་བྱས་པ་བརྒྱུད་འབབ་འཕར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་པས་ཞིང་འབྲོག་པའི་འབབ་འཕར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད། ལོ་སྟོད་དུ་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་6711ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་8.4འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། 2024ལོའི་གོང་གི་དུས་ཚིགས་གསུམ་པའི་ནང་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་16002ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་17.73འཕར་ཡོད་པ་རེད།

ལོ་སྟོད་དུ་ལྗོངས་ཡོངས་སུ་ད་ཡོད་ཀྱི་ལས་ཞུགས་རོགས་སྐྱོར་འཁོར་ཁང་322ཡོད་པ་དང་ཞིང་འབྲོག་པ་5228ལས་ཞུགས་བྱས་པའི་ནང་ནས་མི་2506དབུལ་སྒྲོལ་གྱི་མི་ཡིན་པ་རེད། མཁོ་འདོན་ཚོང་པ་452སྟེགས་བུ་832ནང་ཞུགས་རྒྱུར་འོས་སྦྱོར་བྱས་པ་དང་ཐོན་རྫས་སྣ་ཁ་2441གཏོང་འདྲེན་བྱས་པར་རིམ་རྩིས་བྱས་ན་བྲིན་ཚོང་ཡོང་འབབ་སྒོར་ཁྲི་8919.3ཟིན་ཡོད་པ་རེད། ལོ་ལྔ་ཚན་བཅུ་བཞིའི་རིང་ཞིང་འབྲོག་ལས་ཀྱི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ལ་མ་འཇོག་ལེགས་གྲུབ་བྱེད་ཚད་བརྒྱ་ཆ་85.44ཟིན་པ་དང་། 2024ལོར་ཀྲུང་དབྱང་ནོར་སྲིད་ཀྱི་འབྲེལ་མཐུད་མ་དངུལ་གྱི་གཏོང་སྒོའི་མྱུར་ཚད་བརྒྱ་ཆ་74.79ཟིན་པ་དེ་རྒྱལ་ཁབ་ཀྱི་སྔོན་འགྲོའི་བླང་བྱ་ལས་བརྒྱ་ཆའི་གྲངས་11.51བརྒལ་ཡོད་པ་རེད།

འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་298.64དོན་འཁྱོལ་བྱས་ནས་2024ལོ་འཁོར་གྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་འགན་མུའུ་ཁྲི་4.66ལེགས་གྲུབ་བྱུང་ཡོད། ཕག་པ་དང་ནོར་ལུག་ལག་ཡོད་མགོ་གྲངས་ཁྲི་1937.88དང་བཤས་གཏོང་ཚད་མགོ་གྲངས་ཁྲི་72.97ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་1.8དང་བརྒྱ་ཆ་32.6སོ་སོར་འཕར་ཡོད།ཤ་དང་། སྒོ་ང་། དཀར་ཆུའི་ཐོན་འབབ་བཅས་ཏུན་ཁྲི་25.29ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་30.9འཕར་བ་དང་། སྔོ་ཚལ་ཐོན་ཚད་ཏུན་ཁྲི་24.95ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་9.87འཕར་བ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འཆར་ཅན་ལྟ་ཞིབ་ཚད་ལེན་གྱི་སྤྱིའི་ཚད་གཞི་ལོན་ཚད་བརྒྱ་ཆ་98ཡན་ཟིན་པ་རེད།

ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་38.82ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་21.27འཕར་ཡོད། ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་3མང་དུ་སོང་བ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས་182ཟིན་ཡོད། ལྗོངས་ཡོངས་སུ་ཐོ་འགོད་བྱས་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁྲི་1.17དང་ཁྱིམ་ཚང་འབྲོག་ར་ཁྲི་0.94ཡོད་པ་རེད། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་དང་།དགེ་མཚན་ལྡན་ཞིང་ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱུ་ཚོགས།ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་བཅས་སོ་སོའི་གྲངས་ནི་9དང་།6དང་།28བཅས་ཟིན་ཡོད།

གཞན་ཡང་ད་ལོ་ཤར་ཚུན་རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཚན་རྩལ་གཤམ་སྤེལ་གྱི་ལག་རྩལ་འགན་ལེན་ལས་དོན་གཏིང་ཟབ་སྤེལ་ནས་ལག་རྩལ་རིགས་གཅིག་མཁས་ཅན་5162འཐབ་ཕྱོགས་དང་པོར་བཏང་སྟེ།ལག་རྩལ་གྱི་གནད་དོན་459ཐག་གཅོད་བྱས་པ་དང་ཞིང་འབྲོག་པ་མི་ཐེངས་ཁྲི་30ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། ཆུ་ཤུར་རྫོང་དང་སྣེ་གདོང་ཆུས་ཀྱི་གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་པ་དང་གྲོང་གསེབ་ཀྱིས་རྨོ་ཞིང་གང་བྱུང་དུ་བཟུང་ནས་སྡོད་ཁང་རིགས་ཀྱི་ཁང་པ་རྒྱག་པར་ཆེད་དོན་བཅོས་སྒྲིག་གི་ཚོད་ལྟའི་གཅིག་སྡུད་འགག་སྒྲོལ་བྱ་སྤྱོད་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ཏེ་གྲོང་གསེབ་ཀྱི་ཕྱི་ནང་གཉིས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ཅིང་།འདི་ལོ་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པའི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་300ཚང་མ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་རྣམ་གྲངས་30ལས་མཇུག་འགྲིལ་བར་མ་ཟད། དུད་ཚང་ཁྲི་2ཀྱི་གསང་སྤྱོད་སྒྱུར་བཀོད་ལེགས་གྲུབ་ཟིན་པ་དང་མི་ཕྱུགས་ལོགས་སུ་དབྱེ་བའི་དུད་ཚང་ཁྲི་3.49ཟིན་ནས་ལོ་འཁོར་གྱི་ལས་འགན་གྱི་བརྒྱ་ཆ་88དང་བརྒྱ་ཆ་89སོ་སོར་ཟིན་ཡོད། དབུལ་སྒྲོལ་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་དམིགས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ཕོངས་བསྐྱར་ལོག་མི་ཡོང་བའི་མ་མཐའི་མཚམས་ཐིག་དམ་པོར་བསྲུང་བ་དང་།དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་སུ་སྒོར་8000མན་བར་མང་དུ་བཏང་ནས་ཞིང་ཆེན་རིམ་པའི་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བ་དང་དེ་བཞིན་བསྡོམས་རྩིས་དབྱེ་ཞིབ་དོ་དམ་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། དུད་ཚང་277གྱི་མི་གྲངས་1148གསར་དུ་དབྱེ་འབྱེད་བྱས་པ་དང་རིམ་རྩིས་བྱས་ན་ཉེན་ཁ་སེལ་ཚད་བརྒྱ་ཆ་77.04ཟིན་ཡོད་པ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-08 གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ་8.4འཕར་བ། 6 6 拉萨日报藏文 c187491.html 1 ལོ་སྟོད་དུ་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། /enpproperty-->