ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ལོ་ངོ་30རིང་གི་བོད་སྐྱོར་ལས་དོན་སྤེལ་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ལོ་བརྒྱད་རིང་། བོད་སྐྱོར་ཚོགས་པ་ཁག་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ཀྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་དོན་ལ་དམིཊ་ནས“སྤེལ་རོགས་ཁྲིད”གསུམ་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་རོགས་སྐྱོར་ཐོབ་པའི་སློབ་གྲྭའི་བྱ་གཞག་ཁག་ལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བ་དང་། ལྗོངས་ཡོངས་ཀྱི་སློབ་གསོའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས་སློབ་གྲྭ་གཅིག་ལ་རོགས་སྐྱོར་དང་ས་ཁུལ་གཅིག་ལ་དཔེ་སྟོན་བྱེད་པའི་དམིགས་ཚད་མངོན་འགྱུར་ཡག་པོ་བྱུང་ཡོད།
རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཁོངས་མི་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཚའེ་ཧྲོའུ་ཁོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་སློབ་གསོ་པུའུ་སོགས་པུའུ་ཨུད་བཞིས་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་དང་། 2019ལོར་ཀྲུང་དབྱང་རྩ་འཛུགས་པུས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སློབ་གསོའི་ཤེས་ལྡན་པའི་ལས་དོན་དེ་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་བདམས་ཤིང་གཏོང་བའི་སྤྱིའི་འཆར་གཞིའི་ནང་བཅུག་ནས་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་17གྱིས་སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་མི་ཐེངས་2100ལྷག་ཙམ་བཏང་ཞིང་།ཚོགས་སྒྲིག་རྣམ་པའི་ཐོག་ནས་བོད་ལྗོངས་ཀྱི་སློབ་གྲྭ་ཆུང་འབྲིང་21ལ་ཁ་གཏད་རོགས་སྐྱོར་བྱས་ཡོད།
ལོ་བརྒྱད་རིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་རོགས་སྐྱོར་བྱ་ཡུལ་སློབ་གྲྭ་ཁག་དང་མཉམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཙོ་དོན་དུ་བྱས་པའི་སློབ་གྲྭའི་རིག་གནས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་སློབ་མར་སློབ་གསོ་བཏང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རིགས་པའི་གཞུང་ལུགས་དང་སྤྱི་ཚོགས་ཀྱི་འཚོ་བ་ཟུང་འབྲེལ་དམ་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ཐོག འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད་པ་དང་། སློབ་ཚན་ཁྲིད་སྟངས“སྤུས་ལེགས་ཀྱི་སློབ་ཁྲིད”ནས“སློབ་ཁྲིད་ཟབ་མོའི”བར་འགྱུར་ལྡོག་གཏོང་རྒྱུར་འཚོལ་ཞིབ་དང་སྐུལ་འདེད་བཏང་སྟེ། སློབ་ཁྲིད་བྱེད་སྟངས་200ལྷག་ཙམ་ལེགས་སུ་བཏང་ཡོད། དེ་བཞིན།“གྲོང་གསེབ་ཏུ་སློབ་ཁྲིད་བྱེད་པ”དང“སློབ་གྲྭར་གསོ་སྦྱོང་བྱེད་པ”སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ། རོགས་སྐྱོར་བྱ་ཡུལ་གྱི་སློབ་གྲྭ་དང་རྫོང(ཆུས)ཁག་གི་སློབ་གྲྭའི་དབར་རྒྱུན་རྣམ་ཅན་གྱི་མཉམ་ལས་དང་སྤེལ་རེས་ལམ་སྲོལ་བཙུགས་ནས་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད། གཞན་ཡང་། བོད་སྐྱོར་ཤེས་ལྡན་པས“སྤེལ་རོགས་ཁྲིད”གསུམ་གྱི་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ།“ནང་འདྲེན་སློབ་ཁྲིད”དང“ཕྱིར་སྐྱོད་སློབ་སྦྱོང”གཉིས་ཀར་ནུས་ཤུགས་སྣོན་བརྒྱབ་སྟེ། ས་གནས་དེ་གའི་དགེ་རྒན་2500ལྷག་ཙམ་དང་ཚོགས་པ་150ལྷག་ཙམ་ཁྲིད་རོགས་བྱས་ནས་དགེ་རྒན་གྱི་བློ་རིག་སྐྱེད་སྲིང་ཐད་སྔར་བས་ཤུགས་སྣོན་བརྒྱབ་ཅིང་། བྱང་ཚད་མཐོ་བའི་སློབ་གསོའི་ཤེས་ལྡན་པའི་དཔུང་ཁག་སྐྱེད་སྲིང་བྱས་ཡོད། དེ་དང་ཆབས་ཅིག་ཁག་ཐེངས་བརྒྱད་ཀྱི་ནང་བོད་ལྗོངས་ཀྱི་རྐང་འཛིན་དགེ་རྒན་དང་རིག་ཚན་སྣེ་ཁྲིད་པ་ཁྱོན་2400ལྷག་ཙམ་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དུ་དུས་ཡུན་ལོ་གཅིག་གི་ལས་གནས་གསོ་སྦྱོང་བྱེད་པར་བཏང་བ་དང་། ལས་གནས་སུ་ལོག་རྗེས་རྐང་འཛིན་པའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་ནས་བོད་ལྗོངས་ལ“གནས་ཐུབ་པའི”རྐང་འཛིན་དགེ་རྒན་གྱི་དཔུང་ཁག་ཅིག་དངོས་སུ་བཏོད་ཡོད།
ཕྱིས་འབྱུང་། རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དབར་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་།“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་སྤྱི་ཡོངས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག བོད་ལྗོངས་ཀྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སློབ་གསོའི་སྟོབས་ཆེའི་ས་ཁུལ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社