(པར་ངོས་དང་པོར་མཐུད)རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་སྒྲིག་བཀོད། ཤེས་ལྡན་པ། འཆར་འགོད། ཐོན་ལས། སློབ་གསོ། སྨན་བཅོས། ལས་ཞུགས། གཞི་རིམ་སྐྱོང་བ་སོགས་ཀྱི་ཐད་རོགས་སྐྱོར་དང་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་ལས་དོན་བསྒྲུབས་པར་མ་ཟད། མལ་གྲོ་གུང་དཀར་རྫོང་འཕེལ་རྒྱས་གཏོང་བའི་སྟོང་ཆའང་རེ་རེ་བཞིན་གསབས་ཏེ། དམངས་ཀྱི་འདོད་བློ་ཁེངས་པའི་བྱ་བ་བཟང་པོ་མང་དག་ཅིག་བསྒྲུབས་ཡོད།
བོད་ལྗོངས་མལ་གྲོའི་སྐལ་བཟང་མེ་ཏོག་སློབ་ཆེན་ཐོན་པའི་སློབ་མའི་ལས་གཏོད་དོ་དམ་ཚད་ཡོད་ཀུང་སིར་འབྱོར་སྐབས། ཀུང་སིའི་འགན་འཁུར་བ་དོན་གྲུབ་ཚེ་རིང་གིས་སྐབས་འགར་སྒྲིག་ཆས་ལེགས་པར་སྒྲིག་པ་དང་། སྐབས་འགར་ལས་མི་དང་མཉམ་དུ་ཀུང་སིའི་ལས་སྒོར་གྲོས་བསྡུར་བྱེད་བཞིན་ཡོད།
2018ལོར་དོན་གྲུབ་ཚེ་རིང་ལྷོ་ནུབ་མི་རིགས་སློབ་ཆེན་ནས་ཐོན་པ་དང་། 2020ལོའི་ཟླ་4པར་དོན་གྲུབ་ཚེ་རིང་ལས་གཏོད་ཀྱི་ལམ་བུར་ཞུགས་ནས་ལས་རོགས་དང་མཉམ་དུ་བོད་ལྗོངས་མལ་གྲོའི་སྐལ་བཟང་མེ་ཏོག་སློབ་ཆེན་ཐོན་པའི་སློབ་མའི་ལས་གཏོད་དོ་དམ་ཚད་ཡོད་ཀུང་སི་བཙུགས་ཏེ། དཔའ་ངར་ཆེན་པོས་ལས་གཏོད་ཀྱི་གོམ་པ་དང་པོ་སྤོས། ཁོང་གིས་དེ་ནི་ནན་ཅིང་གྲོང་ཁྱེར་གྱི་ལས་ཞུགས་བོད་སྐྱོར་གྱི་གསར་གཏོད་བྱ་ཐབས་སྟེ་སྐལ་བཟང་མེ་ཏོག་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ནན་ཅིང་དམིགས་བསལ་སྦྱོང་བརྡར་སྒར་ས་དང་ཁ་འབྲལ་ཐབས་མེད་ཅེས་བཤད།
དོན་གྲུབ་ཚེ་རིང་གིས། 2019ལོའི་ལོ་མཇུག་ཏུ་རང་ཉིད་མལ་གྲོ་གུང་དཀར་རྫོང་གི་ནན་ཅིང་བོད་སྐྱོར་ལས་བྱེད་པ་ཁག་དགུ་པས་སྒྲིག་འཛུགས་བྱས་པའི་སྐལ་བཟང་མེ་ཏོག་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ནན་ཅིང་དམིགས་བསལ་སྦྱོང་བརྡར་སྒར་སར་ཞུགས་པ་ཡིན། སྐབས་དེ་དུས་ནན་ཅིང་དུ་དུས་ཡུན་ཟླ་བ་གཅིག་རིང་སློབ་སྦྱོང་བྱས་པ་དང་། ཟླ་བ་གསུམ་རིང་ཁེ་ལས་ཁག་ལ་ལྟ་སྦྱོང་དུ་ཕྱིན་པ་ཡིན། ཚུར་ལོག་རྗེས། བོད་ལྗོངས་མལ་གྲོའི་སྐལ་བཟང་མེ་ཏོག་སློབ་ཆེན་ཐོན་པའི་སློབ་མའི་ལས་གཏོད་དོ་དམ་ཚད་ཡོད་ཀུང་སི་བཙུགས་པ་ཡིན། མིག་སྔར་ཀུང་སིའི་ཚོང་གཉེར་ཡོང་འབབ་རྒྱུན་ཆད་མེད་པར་འཕར་བཞིན་ཡོད། ཀུང་སིའི་ནང་དུ་རང་སའི་སློབ་ཆེན་ཐོན་པའི་སློབ་མ་དང་མང་ཚོགས་བདུན་བརྒྱད་ཅིག་ལས་ཞུགས་ཐུབ་པར་མ་ཟད། ད་དུང་དུས་མཚམས་རང་བཞིན་གྱི་ལས་བཟོ་བ་ཁག་གཅིག་ཀྱང་ཡོད། རང་ཉིད་སྐལ་བཟང་མེ་ཏོག་དམིགས་བསལ་སྦྱོང་བརྡར་ལ་ཞུགས་རྗེས་གཞི་ནས་ཀུང་སི་དེ་འཛུགས་རྒྱུའི་སེམས་ཐག་བཅད་པ་དང་། ཀུང་སིའི་མིང་ཡང་སྐལ་བཟང་མེ་ཏོག་ཅེས་བཏགས་པ་ཡིན། དེའི་དགོས་པ་རྒྱུ་མཚན་ཡང་། རང་ཉིད་ཀྱི་ཐོག་མའི་བསམ་འདུན་མཚོན་ཆེད་དང་བཀའ་དྲིན་དྲན་ཆེད་ཡིན་ཞེས་བཤད།
2019ལོའི་ཟླ་11པར་ནན་ཅིང་གྲོང་ཁྱེར་གྱི་ལས་ཞུགས་བོད་སྐྱོར་གྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“སྐལ་བཟང་མེ་ཏོག་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ནན་ཅིང་དམིགས་བསལ་སྦྱོང་བརྡར་སྒར་ས”ཞེས་པ་བཏོད་པ་དང་། “1+3+N”ཐབས་ལམ་བཏོན་ནས། ཁག་དང་པོའི་སློབ་ཆེན་ཐོན་པའི་སློབ་མ་32སྒྲིག་འཛུགས་བྱས་ནས་དམིགས་བསལ་སྦྱོང་བརྡར་སྒར་སར་ཞུགས་སུ་བཅུག་པས་བོད་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་བློ་སྒོ་ཕྱེ་ཐུབ་ཡོད། སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུཊ་ལས་གཏོད་ལ་མུ་མཐུད་རྒྱབ་སྐྱོར་བྱ་ཆེད། ཅང་སུའུ་ནན་ཅིང་གི་བོད་སྐྱོར་ལས་བྱེད་པའི་རྒྱབ་སྐྱོར་འོག མལ་གྲོ་གུང་དཀར་རྫོང་གིས“སྐལ་བཟང་མེ་ཏོག”ཅེས་པའི་དམིགས་བསལ་སྦྱོང་བརྡར་སྒར་སའི་བྱེད་སྒོ་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ཞིང་། མལ་གྲོའི“སྐལ་བཟང་མེ་ཏོག་གི་ཤེས་ལྡན་པ་+”ཞེས་པའི་འཆར་གཞི་དང“སྐལ་བཟང་མེ་ཏོག”ཅེས་པའི་འཚར་ལོངས་སྒར་ས་དང་འཚར་ལོངས་སློབ་གླིང་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་གསར་གཏོད་བྱས་པ་དང་། སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་བསྔོགས་ཏེ་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་ཧུར་ཐག་བཏང་ནས། སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ལ་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
མལ་གྲོ་གུང་དཀར་རྫོང་མི་སྤྱི་ཅུས་དང་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ངག་དབང་ཆོས་སྒྲོན་གྱིས། 2019ལོ་ནས་བཟུང་རིམ་རྩིས་བྱས་ན“སྐལ་བཟང་མེ་ཏོག”ལས་ཞུགས་ལས་གཏོད་དམིགས་བསལ་སྦྱོང་བརྡར་སྒར་ས་སྐབས་ལྔ་དང་། འཚར་ལོངས་སྒར་ས་སྐབས་གཅིག འཚར་ལོངས་སློབ་གླིང་སྐབས་གཉིས་བཅས་གཉེར་ཡོད། “སྦྱོང་བརྡར་+ལས་གནས་སུ་ལྟ་སྦྱོང་+ལས་ཞུགས་ལས་གཏོད་ཀྱི་རྩལ་ནུས”ཀྱི་རྣམ་པའི་ཐོག་ནས་ལས་ཞུགས་ལས་གཏོད་གསོ་སྦྱོང་བྱས་ཏེ་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལ་གྲ་སྒྲིག་བྱ་རྒྱུར་རོགས་རམ་བྱས་པ་ཡིན། མིག་སྔའི་བར་དམིགས་བསལ་སྦྱོང་བརྡར་སྒར་སའི་སློབ་མ་145བདེ་བླག་ངང་སློབ་མཇུག་འགྲིལ་ནས་ལས་ཞུཊ་ཐུབ་ཚད་བརྒྱ་ཆ་100ཟིན་པས་མལ་གྲོ་གུང་དཀར་རྫོང་གི་ཤེས་ལྡན་པ་གསོ་སྐྱོང་དང་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ལ་ལག་ལེན་གསར་པ་བཏོད་ཡོད། འཚར་ལོངས་སློབ་གླིང་གིས་རིམ་རྩིས་བྱས་ན་སློབ་ཆེན་ཐོན་པའི་སློབ་མ་མི་ཐེངས་600ལྷག་ཙམ་སྒྲིག་འཛུགས་བྱས་པས་རང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་པར་གྱུར་ཡོད་ཅེས་བཤད།
ནན་ཅིང་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་པ་ཚོས་ཞོགས་སྔ་པོ་ནས་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་ནད་ཁང་ལ་སྐོར་ཞིབ་བྱེད་བཞིན་ཡོད། ཁོང་ཚོས་ནད་པར་ནད་གཞི་དྲག་སྐྱེད་བྱུང་ཚུལ་འདྲི་ཞོར། ཁྱིམ་མིར་དོ་སྣང་བྱེད་དགོས་པའི་དོན་དག་ནན་བཤད་བྱེད་པར་མ་ཟད། གོ་སྐབས་དང་བསྟུན་ནས་ཡུལ་དེའི་སྨན་པ་ལའང་སློབ་ཚན་ཁྲིད་ནས་ཁོང་ཚོའི་ལས་སྒོའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བཞིན་ཡོད།
མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་ཁོག་ནད་ཚན་ཁག་གི་སྨན་པ་སྒྲོལ་མས་བོད་སྐྱོར་སྨན་པས་རོགས་རམ་བྱས་པར་ཐུཊ་རྗེ་ཆེ་ཞུས་ཤིང་། ཁོང་གིས། བོད་སྐྱོར་དགེ་རྒན་བརྒྱུད་ནས་ང་ཚོས་ཤེས་བྱ་མང་པོ་ཤེས་བྱུང་། ངའི་དགེ་རྒན་ནི་དགེ་རྒན་ཧུའུ་ལགས་ཡིན། ཁོང་གིས་དུས་རྒྱུན་ཞོགས་པར་སྨན་ཁང་དུ་ཞིབ་བཤེར་བྱེད་སྐབས་ང་ལ་དུག་སྲིན་འགོག་སྨན་སྤྱོད་སྟངས་དང་འཇུ་བྱེད་ཁོག་ནད་ཀྱི་སྨན་བཅོས་ཚད་གཞི་སོགས་འཁྲིད་ཀྱི་ཡོད། སྔོན་ཆད་ནད་ཁང་ནང་དུ་ནད་གཞི་ལྕི་བའི་ནད་པ་ཡོད་ན། ཁ་པར་བརྒྱབ་ནས་ཇི་ལྟར་བཅོས་དགོས་མིན་འདྲི་དགོས་ཀྱི་ཡོད། འོན་ཀྱང་ད་ལྟ་ང་ཚོས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ནད་གཞི་ལྕི་བའི་ནད་པར་སྨན་བཅོས་བྱེད་ཐུབ་ཀྱི་ཡོད། ད་དུང་ནད་ཐོ་འབྲི་སྐབས་རེ་བ་ཧ་ཅང་ནན་པོ་ཡོད། ནད་ཐོ་བྲིས་ཚར་རྗེས། དགེ་རྒན་ཧུའུ་ལགས་ཀྱིས་ཐེངས་རེར་ཞིབ་བཤེར་བྱེད་པ་དང་། ཞིབ་བཤེར་བྱས་ཚར་རྗེས། ང་ཚོས་ཡང་བསྐྱར་བཟོ་བཅོས་བྱེད་བཞིན་ཡོད་པས། རྗེས་མཐུད་ཀྱི་བྱ་བ་བསྒྲུབ་པར་ཕན་ཆེན་པོ་ཐོགས་ཀྱི་འདུག་ཅེས་བཤད།
སྒྲོལ་མས་བཤད་པའི་དགེ་རྒན་ཧུའུ་ལགས་ཞེས་པ་ཁོང་ནི་ནན་ཅིང་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཁོངས་མི་སྟེ་ཧུའུ་ཡོན་ཧྲེང་ལ་ཟེར་བ་རེད། 2023ལོའི་ཟླ་12པའི་ཟླ་དཀྱིལ་དུ་ནན་ཅིང་གི་རིམ་གསུམ་ཀ་པའི་སྨན་ཁང་ཆེ་གྲས་ཁག་ནས་ཡོང་བའི་སྨན་པ་5ཡིས་དུས་ཡུན་ལོ་གཅིག་དང་ལོ་ཕྱེད་ཀྱི་སྨན་བཅོས་བོད་སྐྱོར་བྱེད་འགོ་ཚུགས་ཤིང་། ཁོང་ཚོས་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་ཕྱི་ནད་ཚན་ཁག་དང་ཁོག་ནད་ཚན་ཁག་ཏུ་རོཊ་སྐྱོར་བྱེད་པ་དང་། རྫོང་མི་དམངས་སྨན་ཁང་ལ་རུས་ནད་ཚན་ཁག་ཚུད་པའི་ཁྱད་ལྡན་ཆེད་ལས་ཚན་ཁག་འཛུགས་རོགས་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་སྨན་བཅོས་ཞབས་ཞུའི་ལག་རྩལ་སྔར་བས་ལེགས་པ་མཁོ་འདོན་ཐུབ་ཐབས་བྱས་ཡོད།
ནན་ཅིང་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་པ་སུའུ་ཁུན་ཧན་གྱིས། འདི་གར་སླེབས་རྗེས་ང་ཚོས་དང་ཐོག་སྤུས་ཚད་མཐོན་པོའི་སྒོ་ནས་སྨན་ཁང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་འགོ་འཛུཊ་ས་དང་གཞི་ཚུགས་སར་བྱས་ཏེ། དགེ་རྒན་གྱིས་སློབ་མ་འཁྲིད་ནས་ནད་ཐོག་སྨན་བཅོས་འཆད་ཁྲིད་སོགས་སློབ་ཁྲིད་ལས་དོན་སྤེལ་ཞིང་། ནད་ཐོག་སྨན་བཅོས་ཚན་ཁག་འཕེལ་རྒྱས་ལ་རོགས་རམ་བྱས་ཡོད། ང་ཚོས་ཡུལ་འདིའི་སྨན་པ་ཁག་གཅིག་དང་དགེ་སློབ་ཀྱི་གྲོས་མཐུན་བཞག་ཏེ། བོད་སྐྱོར་རུ་མི་མི་རེ་ངོ་རེས་ཉུང་མཐར་ཡང་ཡུལ་འདིའི་སྨན་པ་རེ་ཁྲིད་ནས་སྨན་བཅོས་ལས་དོན་སྤེལ་གྱི་ཡོད། དུས་མཚུངས་སུ་ང་ཚོས་བོད་སྐྱོར་ཐོན་ཁུངས་སྤྱད་དེ་ཤང་དང་གྲོང་རྡལ་ཁག་ཏུ་དུས་བཀག་འོས་འགན་སྨན་བཅོས་དང་། རིག་ཚན་མཛུབ་ཁྲིད། ཟབ་སྦྱོང་སོགས་ཀྱི་བྱ་ཐབས་སྤེལ་ནས་ཤང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་བཅོས་ཆུ་ཚད་སྔར་བས་མཐོ་རུ་གཏོང་བཞིན་ཡོད་ཅེས་བཤད།
1995ལོ་ནས་བཟུང་། ནན་ཅིང་གྲོང་ཁྱེར་གྱིས་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་ཆ་རྐྱེན་ལེགས་སུ་བཏང་སྟེ་སྔ་རྗེས་སུ་སྒོ་བསྟེན་ཐོག་ཁང་དང་། ནད་སྡོད་པུའུ། འགྱེད་འཕྲོ་ཞིབ་དཔྱད་ཚད་ལེན་ལྟེ་གནས་སོགས་བསྐྲུན་རོཊ་བྱས་ཡོད། 2016ལོ་ནས་བཟུང་། འཕྲོད་བསྟེན་སྨན་བཅོས་རོགས་སྐྱོར་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་བྱས་ཏེ། སྨན་བཅོས་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་བཏང་ནས་རྫོང་མི་དམངས་སྨན་ཁང་སྒྱུར་བཀོད་དང་ཚད་ལྡན་ཅན་གྱི་ཤང་གྲོང་རྡལ་འཕྲོད་བསྟེན་ཁང་འཛུགས་སྐྲུན་སོཊ་ཀྱི་རྣམ་གྲངས་ལག་བསྟར་བྱས་པས། མལ་གྲོ་གུང་དཀར་རྫོང་གི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། མང་ཚོགས་ཀྱིས་སྨན་པ་བསྟེན་དཀའ་བ་དང་སྨན་བཅོས་བྱེད་དཀའ་བ་སོགས་ཀྱི་གནད་དོན་གང་ཐུབ་བསལ་ཡོད། 2022ལོའི་ཟླ་6པའི་བར་ནན་ཅིང་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་ཁྲི་7620.8བཏང་ནས་སྨན་བཅོས་འཛུགས་སྐྲུན་དང་མཐོར་འདེགས་ཀྱི་རྣམ་གྲངས་20ལག་བསྟར་བྱས་པ་དང་། མལ་གྲོ་གུང་དཀར་རྫོང་འདི་ཉིད་རྒྱལ་ཁབ་རིམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པའི་ཚོད་ལྟའི་རྫོང་དུ་བསྐྲུན་པ། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་དེ་རང་སྐྱོང་ལྗོངས་ཀྱི“རིམ་གཉིས་ཀ་པའི”སྨན་ཁང་དུ་བསྐྲུན་པས་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་སྨན་ཁང་གི་མདུན་གྲལ་དུ་སླེབས་ཡོད། ཉེ་བའི་ལོ་30ཡི་རིང་། ནན་ཅིང་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཁག་10ཡི་བོད་སྐྱོར་ལས་བྱེད་པ་35དང་། ཁག་16གི་བོད་སྐྱོར་སྨན་པ་56 ཁག་4ཡི་བོད་སྐྱོར་དགེ་རྒན་20བཅས་མལ་གྲོ་གུང་དཀར་རྫོང་དུ་མངགས་ཤིང་། བོད་སྐྱོར་ལས་བྱེད་པས་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བ་དང་ལྷག་བསམ་རྣམ་དག་གིས་རོགས་སྐྱོར་བྱས་སྟབས། མལ་གྲོ་གུང་དཀར་རྫོང་དེ་དབུལ་པོའི་རྫོང་ནས་ལྗོངས་ཡོངས་ཀྱི་གཏེར་ལས་རྫོང་ཆེ་གྲས་དང་ཐོན་ལས་སྟོབས་ལྡན་གྱི་རྫོང་དུ་གྱུར་ཅིང་། རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་འགན་ལེན། རྨང་གཞིའི་སྒྲིག་བཀོད། ལྷག་པར་དུ་སློབ་གསོ་དང་། ལས་ཞུགས། སྨན་བཅོས་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་དོན་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་གྲོང་གསེབ་དར་རྒྱས་ཀྱི་རྒྱང་ལམ་གསར་པར་ཁྱོན་ཡོངས་ནས་སྐྱོད་འགོ་ཚུགས་ཡོད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社