分享按钮

དུས་རབས་གསར་པའི་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་ལམ་བུར་ཀྲུང་གོས་འདི་ལྟར་འབད་བཞིན་པ།

(པར་ངོས་དང་པོར་མཐུད)ལུས་རྩལ་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་གཞི་རྩའི་སྒྲོམ་གཞིའི“5C”མ་ལག་ཕྱོགས་བསྡོམས་བྱས་པ། ཀྲུང་གོས་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་དུས་རབས་ཀྱི་འཕོ་འགྱུར་བཀོད་པ་སོགས་ལ་བརྟེན་ནས་ཀྲུང་གོའི་བློ་གྲོས་ཀྱིས་འཛམ་གླིང་ལ་ཉམས་མྱོང་དང་བློ་སྒོ་ཕྱེ་ཚུལ་གསལ་པོར་བསྟན་ཡོད།

“5C”མ་ལག་གིས་ལུས་རྩལ་གྱི་ལམ་བུར་དབྱེ་ཞིབ་བྱས་པ།

མཛེས་སྡུག་ལྡན་པའི་ཤོག་སྦག་གི་མདངས་ལས་པེ་ཅིང་གི་མཚན་མོའི་མཁའ་དབྱིངས་སུ“གནམ་འོག་ཁྱིམ་ཚང་གཅིག”ཞེས་པའི་ཡི་གེ་གྲུབ་ནས་མི་ཚོགས་ཀྱིས་ཁེངས་པའི་རྒྱལ་ཁབ་ལུས་རྩལ་ཐང་དེ་དགའ་སྤྲོའི་རྣམ་པས་ཡོངས་སུ་ཕྱུག དེའང་། 2022ལོའི་ལོ་འགོར་རིམས་ནད་སྔར་བཞིན་ཛ་དྲག་ཏུ་མཆེད་བཞིན་ཡོད་ནའང་། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་ཁས་ལེན་ལག་ལེན་དུ་བསྟར་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དུས་བཀག་ལྟར་གཉེར་བར་མ་ཟད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧེས་དེ་ནི“ཨོ་རྩལ་འགྲན་ཚོགས་ཀྱི་ཚད་གཞི་གསར་པ”ཞིག་ཏུ་གྱུར་ཡོད་ཅེས་བསྔགས་བརྗོད་གནང་ཡོད།

དུས་རབས་20པའི་དུས་འགོའི“ཨོ་རྩལ་འགྲན་ཚོགས་ཀྱི་དྲི་གཞི་གསུམ”ནས་དུས་རབས་གསར་པའི“ཨོ་རྩལ་འགྲན་ཚོགས་གཉིས་ཀྱི་གྲོང་ཁྱེར”བར་གྱི་འཕེལ་རྒྱས་དང་། ཀྲུང་ཧྭ་མི་རིགས་ཀྱི་ལུས་རྩལ་གྱི་ཕུགས་འདུན་ཁྲོད། ཀྲུང་ཧྭའི་བུ་ཕྲུག་གི་རྒྱལ་ཁབ་སྟོབས་འབྱོར་རྒྱས་པ་དང་མི་རིགས་བསྐྱར་དར་གྱི་འདུན་པ་གཅིག་ཏུ་འདུས་ཤིང་། ཀྲུང་གོ་འདི་ཉིད་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེན་ཆགས་པ་བཅས་རིམ་བཞིན་འགྱུར་ལྡོག་བྱུང་བའི་འཕུར་མཆོང་རླབས་པོ་ཆེ་མཚོན་ཡོད་ལ། ལུས་རྩལ་སྟོབས་ལྡན་གྱི་ཕུགས་འདུན་ཡང་ཀྲུང་གོའི་ཕུགས་འདུན་ཁྲོད་ཀྱི་ལུས་རྩལ་གྱི་ཕུགས་འདུན་ཞིག་ཡིན་པ་མཚོན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་། ལུས་རྩལ་ལ་སྔར་བས་ཕུན་སུམ་ཚོགས་པའི་ནང་དོན་བསྣན་པ་དང་། ཀྲུང་གོས་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་དོན་ཡང་དུས་རིམ་གསར་པར་སླེབས་ནས་ལུས་རྩལ་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་བཏོད་ཡོད།

རིག་མཛོད་ཀྱི་སྙན་ཞུའི་ནང་། ལུས་རྩལ་སྐོར་གྱི་ཞི་ཅིན་ཕིང་གྱི་རྣམ་བཤད་གལ་ཆེན་ནི་སྤྱི་ཚོགས་དང་། རིག་གནས། ཆབ་སྲིད། དཔལ་འབྱོར། མིའི་རིགས་རིག་པ་སོགས་རིག་ཚན་མང་པོ་ཚུད་པའི་རིགས་པའི་གཞུང་ལུགས་ཚད་ལྡན་གྱི་མ་ལག་ཅིག་ཡིན་པའི་ངོས་འཛིན་བྱས་ཡོད། དེའི་དོན་སྙིང་ནི་ལུས་རྩལ་ལ་བརྟེན་ནས་མི་སྒེར་དང་། སྤྱི་ཚོགས། རྒྱལ་ཁབ། ཤེས་དཔལ། འཛམ་གླིང་བཅས“ཕྱོགས་ལྔ་གཞི་གཅིག”གི“5C”མ་ལག་འཛུགས་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

མི་སྒེར་གྱི་ངོས་ནས་བཤད་ན། “མི་གཤིས་བཟང་པོ”(Complete Personality)ཞིག་ཆགས་པར་བྱེད་དགོས། ལུས་རྩལ་ནི་སྤྱི་ཡོངས་ཀྱི་སློབ་གསོའི་ཆ་ཤས་ཤིག་ཡིན་པས་མི་སྒེར་ཡར་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ནུས་པ་མང་པོ་ལྡན་ཡོད། མི་དམངས་ཀྱི་ལུས་སྦྱོང་དགོས་མཁོ་སྐོང་རྒྱུ་དང་མི་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་ལུས་རྩལ་ལས་དོན་གྱི་འགོ་འཛུགས་ས་དང་གཞི་ཚུགས་ས་ཞིག་ཡིན། ཞི་ཅིན་ཕིང་གིས་ད་དུང་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་ཐུགས་ཁུར་ཆེན་པོ་གནང་ནས་གཞོན་ནུ་ལོ་ཆུང་གི་ལུས་རྩལ་ལ་བརྒྱུད་རིམ་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

སྤྱི་ཚོགས་ཀྱི་ངོས་ནས་བཤད་ན། “གསོན་ཤུགས་ལྡན་པའི་སྤྱི་ཚོགས”(Creative Society)ཤིག་ཆགས་པར་བྱེད་དགོས། ཞི་ཅིན་ཕིང་གིས་ལུས་རྩལ་གྱིས“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་པ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི”སྤྱི་ཚོགས་ཀྱི་ནུས་པར་མཐོང་ཆེན་གནང་བཞིན་ཡོད་ལ། ལུས་རྩལ་ལས་དོན་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོའི་ནང་བཞག་ནས་འཆར་འགོད་གནང་སྟེ། གསོན་ཤུགས་ཀྱིས་ཁེངས་ལ་ཞི་མཐུན་དང་གོ་རིམ་ལྡན་པའི“སྤྱི་ཚོགས་བཟང་པོ”ཞིག་གཏོད་དགོས་པའི་དགོངས་པ་བཞེས་བཞིན་ཡོད།

རྒྱལ་ཁབ་ཀྱི་ངོས་ནས་བཤད་ན། “བློས་འཁེལ་བའི་རྒྱལ་ཁབ”(Confident Nation)ཅིག་སྐྱོང་དགོས། སྐྱེས་པའི་ཕའེ་ཆིའུ་སྤོ་ལོའི་འགྲན་རའི“མཐུན་སྒྲིལ་བྱས་ནས་ཀྲུང་ཧྭ་དར་རྒྱས་གཏོང”ཞེས་པའི་དུས་རབས་ཀྱི་སྐད་སྒྲ་དྲག་པོ་དང་། མི་རིགས་བཅུ་ཕྲག་ཁ་ཤས་གྲོང་ཚོའི་འགྲན་རར“སེ་འབྲུ་འབྲུ་ལྟར་མཉམ་དུ་གོང་བུར་སྒྲིལ”བའི་རྣམ་པ་བཟང་པོ་ལས། ལུས་རྩལ་གྱིས་རྒྱལ་ཁབ་ཀྱི་ངོས་འཛིན་གཅིག་མཐུན་གཏོད་ཐུབ་པ་དང་། མི་རིགས་ཀྱི་སྙིང་སྟོབས་འཕེལ་ཐུབ་པ། མི་རིགས་བསྐྱར་དར་ལ་ཞབས་འདེགས་ཞུ་བ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་ཐུབ་པ་སོགས་མཚོན་ཐུབ།

ཤེས་དཔལ་གྱི་ངོས་ནསབཤད་ན། “ཤར་ཕྱོགས་ཀྱི་བློ་གྲོས”(Chinese Wisdom)དར་རྒྱས་གཏོང་དགོས། “5C”མ་ལག་གི་ཕྱོགས་ལྔ་ལས་གྲུབ་པའི་གཞི་གཅིག་པོ་དེ་ནི“མི་རྩ་བར་འཛིན་པའི”འདུ་ཤེས་ཡིན། དེང་རབས་དཔལ་ཡོན་གྱི་གྲུབ་ཆ་གཙོ་བོ་སྟེ་མི་སྒེར་དང་། སྤྱི་ཚོགས། རྒྱལ་ཁབ། ཤེས་དཔལ། འཛམ་གླིང་བཅས་ཕན་ཚུན་དབར་འཆམ་མཐུན་མཉམ་གནས་དང་མཉམ་དར་མཉམ་འཕེལ་གྱི་འབྲེལ་བ་ཡོད།

རྒྱལ་སྤྱིའི་ངོས་ནས་བཤད་ན། “ཕུན་ཚོགས་ཀྱི་འཇིག་རྟེན”(Colorful World)ཞིག་བཏོད་དགོས། ལུས་རྩལ་ནི་མིའི་རིགས་ཀྱི་སྤྱི་སྤྱོད་སྐད་བརྡ་ཞིག་ཡིན། ཀྲུང་གོ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཧུར་ཐག་ཞུགས་པ་དང་རིམ་བཞིན་འཛམ་གླིང་གར་སྟེགས་ཀྱི་ལྟེ་བའི་ཕྱོགས་སུ་བསྐྱོད་པའི་བརྒྱུད་རིམ་ཁྲོད། ལུས་རྩལ་ནི་ཕྱི་ནང་འཛམ་གླིང་འབྲེལ་བའི་ཟམ་པ་དང་། རང་ངོས་ཀྱི་རིན་ཐང་ལྟ་བ་བརྗོད་པའི་སྨྱན་སྦྱོར། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་བཅས་སུ་རྩིས་བཞིན་ཡོད།

ཕྱི་འབྲེལ་སློབ་གླིང་གི་ལུས་རྩལ་ཕྱི་ཕྱོགས་སྤེལ་རེས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲོའུ་ཆིང་ཅེ་ཡིས་སྙན་ཞུ་ཡོངས་བསྒྲགས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག “མ་ལག་ཅན་གྱི་འཆད་འགྲེལ་བྱ་ཐབས་དེ་ནི་སྙན་ཞུའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན། སྙན་ཞུ་དེར་བརྒྱུད་རིམ་ལྡན་པ་དང་། མཐོང་ཟུར་མང་བ། རིགས་པའི་གཞུང་ལུགས་དང་འབྲེལ་བ། གཏན་ཚིགས་རང་བཞིན་ལྡན་པ་བཅས་ཡོད་པས་ཤེས་རྟོགས་དང་ཁྱབ་སྤེལ་བྱེད་བདེ་པོ་ཡོད”ཅེས་བཤད།

ལག་ལེན་ལ་སྣེ་ཁྲིད་ནས་ལོ་རྒྱུས་ལ་གཡུར་ཟའི་གྲུབ་འབྲས་བཏོད་པ།

གསེར་གྱི་རྟགས་མ་40དང་དངུལ་གྱི་རྟགས་མ་27དང་ཟངས་ཀྱི་རྟགས་མ་24ཐོབ་ཅིང་། གསེར་གྱི་རྟགས་མ་ཐོབ་པའི་ཨང་རིམ་དེ་ཨ་རིའི་རུ་ཁག་དང་མཉམ་དུ་ཨང་དང་པོར་སླེབས་ནས་ཕྱི་རྒྱལ་གྱི་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཡག་ཤོས་བཏོད་ཡོད་པར་མ་ཟད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སུ་འབད་བརྩོན་བྱས་པའི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

དེ་ནི་ཀྲུང་གོའི་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྟགས་མཚན་ཞིག་ཡིན། རིག་མཛོད་ཀྱི་སྙན་ཞུའི་ནང་ཕྱོགས་བསྡོམས་བྱས་དོན། ལུས་རྩལ་སྐོར་གྱི་ཞི་ཅིན་ཕིང་གྱི་རྣམ་བཤད་གལ་ཆེན་གྱི་སྣེ་ཁྲིད་འོག ཀྲུང་གོའི་ལུས་རྩལ་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མང་པོ་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མང་པོ་ཐོབ་ཡོད།

མང་ཚོགས་ཀྱི་ལུས་རྩལ་དང་། རྩལ་འགྲན་གྱི་ལུས་རྩལ། ལུས་རྩལ་གྱི་ཐོན་ལས་བཅས“གཤོག་གསུམ་མཉམ་འཕུར”ལས་ལུས་རྩལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རིམ་བཞིན་ཆགས་ཡོད། ལུས་རྩལ་གྱི་དོན་སྙིང་ནི་འགྲན་རའི་གསེར་དངུལ་ཟངས་ཀྱི་རྟགས་མ་ལས་མཚོན་པ་ཙམ་མ་ཟད། བདེ་ཐང་གི་འཚོ་བའི་ཁྲོད་ཀྱི་མི་དམངས་ཚང་མའི་འཛུམ་མདངས་ལས་ཀྱང་མཚོན་ཐུབ། ད་ཆ་དམངས་ཡོངས་ཀྱི་ལུས་སྦྱོང་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་གྱུར་ནས་རྟག་ཏུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་མི་དུང་ཕྱུར་5ལས་བརྒལ་ཞིང་། “མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་རྒྱུར་སྐུལ་མ་བྱེད་པ”དོན་དངོས་སུ་གྱུར་ཡོད། ཀྲུང་གོ་འདི་ཉིད་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་པའི་ཨང་རིམ་གྱི་མདུན་གྲལ་དུ་སླེབས་ཤིང་། ལུས་རྩལ་ཐོན་ལས་འཕར་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆ་10ལས་བརྒལ་ཡོད།

བྱེད་པོ་སྣ་ཚོགས་ཀྱི་གསར་གཏོད་གསོན་ཤུགས་ལ་སྐུལ་སྤེལ་ཆེན་པོ་བཏང་ནས་རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་དང་ཁྲོམ་རའི་ལམ་སྲོལ་ཟུང་འབྲེལ་བྱེད་པའི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་ཡོད། ཀྲུང་གོས་འཛམ་གླིང་ལ་བཤམས་པའི“འགྲན་ཟླ་བྲལ་བའི”པེ་ཅིང་དགུན་དུས་ཨོ་རྩལ་འགྲན་རས་ལོ་གཅིག་གི་སྔ་སྣུར་དུ་ལས་མཇུག་འགྲིལ་བའི“ཀྲུང་གོའི་མྱུར་ཚད”དང་། མཁའ་སྐྱོད་རླུང་ཁུང་ཚོད་ལྟ་ཁང་ལུས་རྩལ་པའི་སྦྱོང་བརྡར་བྱ་ཡུལ་དུ་སྤྱོད་པའི“ཀྲུང་གོའི་ཚན་རྩལ” ད་དུང་སུའུ་དབྱི་མིང་སོགས་ཁྱིམ་ཚང་གི་སྟོབས་ཤུགས་གཙོ་བོར་བརྟེན་ནས་གསོ་སྐྱོང་བྱས་པའི“ཀྲུང་གོའི་མི་སྣ་གྲགས་ཅན”སོགས་ནི་རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པ་འཚོལ་ཞིབ་ཀྱིས་བཏོད་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་དགའ་འོས་པའི་གྲུབ་འབྲས་ཤིག་ཡིན།

གཡུར་དུ་ཟ་བའི་གྲུབ་འབྲས་རེ་རེས་རྒྱལ་དམངས་ལ་དེ་བས་སྣ་མང་གི་མཐོང་རྒྱ་དང་དེ་བས་དཔའ་ཉམས་ལྡན་པའི་ཉམས་འགྱུར་གཏོད་ཐུབ་པར་མ་ཟད། སྒོ་དབྱེ་དང་། ཡིད་ཆེས། ཁོང་ཡངས་བཅས་ཀྱི་རྣམ་པ་ལས་ཀྱང་ཀྲུང་གོའི་ལུས་རྩལ་གྱི་བསམ་པ་ལ་འགྱུར་ལྡོག་བྱུང་བ་མཚོན་ཡོད། ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ཐོག ཀྲང་ཡུས་ཧྥེས་ཁྲག་རིལ་དཀར་པོའི་ནད་ལས་རྣམ་པར་རྒྱལ་བའི་ཁྲི་ཅང་ལི་ཧྭ་ཙེ་ལ་འཐམ་པ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག ཤན་འབྱེད་པས་སྐར་མ་བརྒྱབ་པའི་རྩོད་གཞིར་སུའུ་དབྱི་མིང་དང་རྩལ་ཁྲིད་པ་གཉིས་ཀྱིས་ཁོག་ཡངས་པོས་ལན་བརྒྱབ་པ། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག ཧོ་པིང་ཅའོ་ཡིས་སི་ཕེན་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་མཚན་རྟགས་ལག་ཏུ་བཟུང་ནས་བྱ་དགའ་ལེན་པའི་སྟེགས་བུར་འཛེགས་ཏེ་རྟིང་རྩོད་ཕྱེད་འགྲན་ནང་རྨས་ནས་ཕྱིར་འཐེན་བྱས་པའི་འགྲན་ཡ་མ་ལིན་ལ་གུས་འདུད་ཞུས་པ་སོགས་སེམས་འགུལ་ཆེན་པོ་ཐེབས་པའི་ཀུན་སྤྱོད་ལས་མི་རབས་གསར་པའི་ལུས་རྩལ་པའི་གཞུང་དྲང་ཟོལ་མེད་དང་ཀྲུང་གོའི་ཉམས་བཟང་མངོན་པར་མ་ཟད། ཁོང་ཚོའི་འབད་འཐབ་ཀྱི་ཉམས་འགྱུར་ལས་གཅིག་ཤུལ་གཅིག་འཛིན་གྱི་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་མངོན་ཡོད།

ཁྲིམས་ལྟར་ལུས་རྩལ་སྐྱོང་བ་དང་། གཞུང་དྲང་སྤྱོད་གཙང་། གསར་གཏོད་ལ་སྐུལ་མ་གཏོང་བ་སོགས་འབྲེལ་ཡོད་བྱེད་ཐབས་ཀྱིས་ལུས་རྩལ་འབྱུང་ཁམས་ལ་དྭངས་གཙང་གི་བསིལ་རླུང་བསྣན་པ་དང་། ལུས་རྩལ་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དང་ལུས་རྩལ་འདུམ་གཅོད་ལམ་ལུགས་དོན་འཁྱོལ་བྱས་ནས་བཅའ་ཁྲིམས་དང་ལམ་ལུགས་ཀྱི་རྨང་རྡོ་བརྟན་པོ་བཏིང་བ། ངར་སྐྱེད་སྨན་གྱི་གནད་དོན་ལ“བཟོད་སྒོམ་གཏན་ནས་མི་བྱེད”ཅིང་། ལུས་རྩལ་ལས་རིགས་སུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དར་སྲོལ་ཤུགས་ཆེན་འཕྱུར་ནས་ལུས་རྩལ་གྱི་འོད་ཟེར་ལ་བརྟེན་ནས་ཆབ་སྲིད་ཀྱི་དཔལ་ཡོན་འཛུགས་སྐྱོང་བྱེད་པ། “འཁྱགས་པ་འཐས་ཤོས”དང་། རིག་ནུས་ལྡན་ཤོས་ཀྱི་ལུས་རྩལ་ར་བ། “ཚན་རྩལ་ནག་པོའི”རྒྱུག་ཤར་ལྷམ་དང་ལུས་རྩལ་གྱོན་ཆས་སོགས་ཚན་རྩལ་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པ་སོགས་ནི་གཏམ་འཆལ་ཞིག་གཏན་ནས་མིན།

འཛམ་གླིང་གི་བློ་སྒོ་འབྱེད་པའི་མིའི་རིགས་ཀྱི་ལེ་ཚན་གསར་པ་ཞིག་བརྩམས་པ།

ཕིང་ཕང་སྤོ་ལོའི་ལུས་རྩལ་གྱི་འབྱུང་ཁུངས་ནི་དབྱིན་ཇི་ཡིན་པ་དང་། དུས་རབས་20པའི་དུས་འགོར་གཞི་ནས་ཀྲུང་གོར་དྲངས་ཚུལ་དེ་གཅིག་བྱས་ན་ཤེས་མཁན་ཉུང་ཉུང་ཡིན་སྲིད། འོན་ཀྱང“ནང་འདྲེན་དངོས་རྫས”ནས“རྒྱལ་ཁབ་ཀྱི་སྤོ་ལོར”གྱུར་པ་དང་། དེ་ནས“ཕྱིར་གཏོང་དངོས་རྫས”སུ་གྱུར་པའི་ཀྲུང་གོར་ཕིང་ཕང་སྤོ་ལོའི་ལུས་རྩལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ནི་དེང་རབས་ཀྲུང་གོའི་ལུས་རྩལ་གྱི་འགྱུར་ལྡོག་ཆེན་པོའི་མཚོན་རྟགས་ཞིག་ཡིན། ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པ་ནས་འགོ་བཙུགས་ཏེ་སྲོལ་རྒྱུན་དང་རྒྱལ་ཁབ་ཀྱི་སྣང་ཚུལ་དང་ཟུང་འབྲེལ་བྱས་ནས་རང་ཉིད་ཀྱི་ཁྱད་ཆོས་ཤིག་ཆགས་ཡོད།

སྙན་ཞུའི་ནང་། དེང་རབས་ལུས་རྩལ་འཕེལ་རྒྱས་ཀྱི་ཀྲུང་གོའི་མ་དཔེ་དེས་རྗེས་ཐོན་རྒྱལ་ཁབ་ལ་དཔྱད་གཞི་དང་བློ་སྒོ་འབྱེད་ཐུབ་པ་དང་། ལུས་རྩལ་ཁྱབ་ཁོངས་སུ་རང་ཉིད་ཀྱི་འགྲོ་ལམ་ཐོག་སྐྱོད་མཁན་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ལུས་རྩལ་རིག་གནས་དང་ལུས་རྩལ་འགྲོ་ལམ་གྱི་སྣ་མང་རང་བཞིན་གྱིས་གོ་ལ་ཧྲིལ་པོའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་ཐ་ན་མིའི་རིགས་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་རྒྱུན་ཆད་མེད་པར་ནུས་པ་བསྣན་རྒྱུ་རེད་ཅེས་ངོས་འཛིན་བྱས་ཡོད།

འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འགྲོ་བཞིན་པའི་དེང་གི་དུས་སུ། ལུས་རྩལ་གྱི་བསྟུན་མཁས་རང་བཞིན་དང་མི་སེམས་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ནི་རྩ་ཆེན་ཞིག་ཡིན།

པེ་ཅིང་ཨོ་རྩལ་འགྲན་ཚོགས་སུ“འཛམ་གླིང་གཅིག་དང་ཕུགས་འདུན་གཅིག”ཅེས་པ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ“མཉམ་དུ་འབྱུང་འགྱུར་ལ་ཕྱོགས”ཞེས་པ་སོགས་བསྟན་ནས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཡོངས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུའི་རེ་འདོད་བྱེད་ཀྱི་ཡོད་ལ། ལུས་རྩལ་གྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་སྐྲུན་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པའི་ཀྲུང་གོའི་འགན་འཁུར་བསམ་པ་དེ་མཚོན་ཡོད།

ཀྲུང་གོ་དང་ཨ་རིའི་འཁྱགས་དེམ་ལུས་རྩལ་པ་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཕན་ཚུན་ལེགས་སྐྱེས་ཕུལ་རེས་བྱས་པ་དང་། ཀྲུང་གོ་དང་ཧན་གོ་དང་ཁྲའོ་ཞན་གྱི་ཕིང་ཕང་སྤོ་ལོའི་ལུས་རྩལ་པ་ཚོས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ལེན་པའི་སྟེགས་བུའི་ཐོག་མཉམ་དུ་པར་བརྒྱབ་པ། ཡ་གླིང་དང་ཧྥེ་གླིང་དང་ལ་ཏིང་མེ་གླིང་གི་མང་ཚོགས་ཀྲུང་གོས་སྐྲུན་རོགས་བྱས་པའི་ལུས་རྩལ་ཁང་དུ་བསྐྱོད་པ། སི་རི་ཡའི་འཐུས་མི་ཚོགས་པར་ཧང་ཀྲོའུ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ལྟད་མོ་བ་ཚོས་དགའ་བསུ་ཐེངས་གཉིས་ཞུས་པ་སོགས་ལས་ཀྲུང་གོས་ལུས་རྩལ་ལ་བརྟེན་ནས་ཞི་བདེ་དང་། འཕེལ་རྒྱས། མཐུན་སྒྲིལ། བཅོས་སྐྱོང་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་རྣམ་པ་བཟང་པོ་མངོན་ཡོད།

སྙན་ཞུས་ཀྲུང་གོའི་གར་རྩེད་ཆུ་རྐྱལ་རུ་ཁག་གི་རྩལ་འཁྲིད་པ་གཙོ་བོ་ཀྲང་ཞའོ་ཧོན་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས། ཨོ་རྩལ་འགྲན་ཚོགས་ཐོག་མཐུན་སྒྲིལ་བྱས་ནས་གསེར་གྱི་རྟགས་མ་བླངས་ཏེ་རྒྱལ་ཁབ་ཀྱི་གཟི་བརྗིད་བརྩོན་ལེན་བྱེད་དགོས་པ་མ་ཟད། འཛམ་གླིང་གི་གར་སྟེགས་ཐོག་རང་ཉིད་མངོན་པའི་གོ་སྐབས་ལའང་དམ་འཛིན་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་ལེགས་པར་བརྗོད་པ་དང་། ཀྲུང་གོའི་རིག་གནས་ཁྱབ་སྤེལ་ལེགས་པར་བྱེད་པ། རྒྱལ་ཁབ་ཆེན་པོའི་ཉམས་འགྱུར་མངོན་པ། ཤེས་དཔལ་མི་འདྲ་བའི་འགྲེམས་སྟོན་དང་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བཤད།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲི་ཏན་གྱིས། ང་ཚོས་སྙན་ཞུ་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་དང་ལུས་རྩལ་ལ་བཅངས་པའི་བརྩེ་བ་ཟབ་མོ་སྔར་བས་ཤེས་རྟོགས་ཐུབ་བྱུང་། སྙན་ཞུ་དེར། ལུས་རྩལ་སྟོབས་ལྡན་གྱི་འཐབ་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅིས་ལུས་རྩལ་ལས་དོན་ཐད་གནང་བའི་མཛུབ་སྟོན་དང་མཆན་བཀོད་ཀྱི་དགོངས་དོན་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བསྟར་ཏེ། ལུས་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བར་མཛུབ་ཁྲིད་དང་དཔྱད་གཞིར་འཛིན་པའི་རིན་ཐང་གལ་ཆེན་ལྡན་འདུག་ཅེས་བཤད།

ཀྲུང་གོ་འདི་ཉིད་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་དུ་འགྱུར་བའི་ལམ་བུ་ནི་ལོ་རྒྱུས་ཀྱི་ལམ་བུ་ཞིག་ཡིན་ལ་དོན་དངོས་ཀྱི་ལམ་བུ་ཞིག་ཀྱང་ཡིན། དེ་ནི་བྱེ་བྲག་གི་ལམ་བུ་ཞིག་ཡིན་ལ་སྤྱི་ཁོག་གི་ལམ་བུ་ཞིག་ཀྱང་ཡིན། དེ་ནི་ཀྲུང་གོའི་ལམ་བུ་ཞིག་ཡིན་ལ་འཛམ་གླིང་གི་ལམ་བུ་ཞིག་ཡིནཔ་རེད།

ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་ཕུགས་འདུན་དང་ཨོ་ལིམ་ཕིག་གི་ཕུཊ་འདུན་ཕན་ཚུན་ཟུང་འབྲེལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལུས་རྩལ་གྱི་ལེའུ་ཐུན་མོང་དུ་རྩོམ་དགོས་པ་དང་། ལུས་རྩལ་གྱིས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཞིག་ཐུན་མོང་དུ་ནུས་ཤུགས་ཡོད་རྒུས་འདིང་དགོས།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་27ཉིན་འབྱོར་བའི་གློག་འཕྲིན)

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-29 6 6 拉萨日报藏文 c187845.html 1 དུས་རབས་གསར་པའི་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་ལམ་བུར་ཀྲུང་གོས་འདི་ལྟར་འབད་བཞིན་པ། /enpproperty-->