ཤིན་ཧྭ་གསར་འགྱུར་ཁང་རི་ནེ་ཝ་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤྲེའུ་འབྲུམ་རིམས་ནད་ལ་དམིགས་ཏེ། དོགས་ཟོན་དང་ཁ་གཏད་གཅོག་པའི་གོ་ལ་ཧྲིལ་པོའི་འཐབ་ཇུས་འཆར་གཞི་ཞིག་ལག་ལེན་བསྟར་འགོ་བརྩམས་པ་དང་། ས་ཁུལ་དང་རྒྱལ་ཁབ་ལ་མཐུན་སྦྱོར་བྱས་ཏེ། རིམས་ནད་བཀག་འགོག་ཧུར་ཐག་བྱས་པ་རེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསར་འགྱུར་སྤྱི་བསྒྲགས་ནང་བསྟན་དོན། འཆར་གཞི་དེ་ད་ལོའི་ཟླ་9པ་ནས་སང་ལོའི་ཟླ་2པའི་བར་རྒྱུན་མཐུད་བྱ་རྒྱུ་དང་།སྔོན་དཔག་བྱས་ན་ཨ་སྒོར་དུང་ཕྱུར་1.35གཏོང་རྒྱུ་རེད། འཆར་གཞི་དེས་སྤྲེའུ་འབྲུམ་རིམས་ནད་ལ་དམིགས་ནས་ཁྱོན་ཡོངས་ནས་ལྟ་ཞིབ་ཚད་ལེན་དང་། སྔོན་འགོག ཁ་གཏད་གཅོག་པ་བཅས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ།བརྟག་དཔྱད་ཡོ་བྱད་དང་རིམས་འགོག་སྨན་ཁབ་སོགས་སྨན་བཅོས་དངོས་རྫས་ཞིབ་འཇུག་དང་འདྲ་མཉམ་ངང་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། སྲོག་ཆགས་ནས་མིར་འགོས་ཚད་ཉུང་དུ་གཏོང་རྒྱུ།དེ་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནང་ཧུར་ཐག་ཞུགས་པའི་ནུས་པ་ཆེ་རུ་གཏོང་རྒྱུ་རེད།
སྤྱི་བསྒྲགས་ནང་བསྟན་དོན། འཆར་གཞི་དེས་སྤྲེའུ་འབྲུམ་ནད་དཔེ་དང་འབྲེལ་འདྲིས་དམ་ཟབ་བྱེད་མཁན་དང་སྨན་དོན་མི་སྣ་སོགས་ཉེན་ཁ་ཆེ་བའི་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྐུལ་འདེད་བཏང་ནས་འགོ་ཁྱབ་ཀྱི་འབྲེལ་ཐག་གཅོད་རྒྱུ་ཡིན་པ་དང་། གོ་ལ་ཧྲིལ་པོའི་ངོས་ནས་བཤད་ན།འཆར་གཞི་དེའི་གཙོ་གནད་ནི་འཐབ་ཇུས་ཀྱིས་འགོ་ཁྲིད་དེ་དུས་ཐོག་ཏུ་ལག་ཁྱེར་ལ་གཞིགས་ནས་མཛུབ་ཁྲིད་བྱེད་པར་མ་ཟད།ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་ཁྲོད་ཀྱི་ཉེན་ཁའི་ཚོགས་སྤྱིར་སྨན་བཅོས་ཀྱི་ཁ་གཏད་གཅོག་ཐབས་ཐོབ་རྒྱུའི་འགན་ལེན་བྱ་རྒྱུ་དེ་ཡིན་པ་རེད།
སྤྲེའུ་འབྲུམ་ནི་ནད་དུག་རང་བཞིན་གྱི་མི་ཕྱུགས་གཉིས་ཀར་མཆེད་པའི་ནད་ཅིག་ཡིན། མིར་སྤྲེའུ་འབྲུམ་ནད་འགོས་པའི་ཐོག་མའི་ནད་རྟགས་ནི་ཚ་བ་རྒྱས་པ་དང་མགོ་ན་བ། ཤ་གནད་ན་བ། སྟོད་རྒྱབ་ན་བ། རྨེན་མདུད་སྐྲངས་པ་བཅས་ཡིན། རྗེས་སུ་ངོ་གདོང་དང་ལུས་ཕུང་གི་ཁྱབ་རྒྱ་ཆེ་བའི་པགས་འབྲུམ་དུ་འགྱུར་སྲིད། འགོས་ནད་འགོས་པའི་ནད་པ་མང་ཆེ་བ་གཟའ་འཁོར་འགའི་ནང་དུ་དྲག་སྐྱེད་འབྱུང་སྲིད་མོད། འོན་ཀྱང་འགོས་ནད་འགོས་མཁན་ལ་ལར་ནད་གཞི་ཚབས་ཆེན་དང་ཐ་ན་རྐྱེན་ལམ་དུ་ཕྱིན་པའང་ཡོད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社