ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ།ཉེ་ཆར།འབྲུག་ཆར་འབབ་པའི་གནམ་གཤིས་སུ་ཉ་འཛིན་མཁན་ལ་ཐོག་བརྒྱབ་པའི་དོན་རྐྱེན་མང་པོ་བསྟུད་མར་ཐོན་པ་རེད།འཕྲལ་སྡོམ་དོ་དམ་སྡེ་ཚན་དང་དོས་དྲག་ཚན་ཁག་གི་གསོ་རིག་རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་དོན།འབྲུག་ཆར་འབབ་པའི་གནམ་གཤིས་སུ་ཉ་འཛིན་སྐབས་ཉ་དབྱུག་དང་ཆུ་གཉིས་ཀྱིས་གློག་འདྲེན་ཚད་ཇེ་ཆེར་ཕྱིན་ནས་ཐོག་རྒྱག་པའི་ཉེན་ཁ་ཆེན་པོ་ཡོད།དེར་བརྟེན་འབྲུག་ཆར་འབབ་པའི་གནམ་གཤིས་སུ་ཉ་འཛིན་མི་རུང་།
རྒྱལ་ཁབ་འཕྲལ་སྡོམ་རླུང་འཕྲིན་གྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་འབྲུག་ཆར་འབབ་དུས་ཉ་འཛིན་པའི་བདེ་འཇགས་ཀྱི་དྲན་སྐུལ་ལ་གཞིགས་ན།མ་འོངས་ཉིན་བཅུའི་རིང་རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་དུ་སྔར་བཞིན་ཆར་པ་མང་པོ་འབབ་རྒྱུ་དང་། ས་ཁུལ་ཁག་གཅིག་ཏུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།ཉ་འཛིན་གྲོགས་པོ་ཚོས་ཉ་འཛིན་པར་མ་ཕྱིན་གོང་ངེས་པར་དུ་གནམ་གཤིས་སྔོན་བརྡར་དོ་སྣང་བྱས་ཏེ་དྲག་ཆར་དང་འབྲུག་ཆར་གྱི་གནམ་གཤིས་སུ་ཉ་འཛིན་པར་མི་འགྲོ་བ་དང་བདེ་འཇགས་ཐད་དོ་སྣང་བྱེད་དགོས་པའི་དོན་ཚན་ལ་བརྩི་སྲུང་ཞུ་དགོས།
ནན་ཅིང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་མེ་ཟོན་དྲིལ་བསྒྲགས་པ་མ་ཐིང་ཁྲེན་གྱིས་ཉ་འཛིན་དབྱུག་པ་མང་པོ་ཞིག་གི་རྒྱུ་ཆ་ལྕགས་རིགས་ཡིན་པ་དང་།དེའི་དབྱིབས་རིང་པོ་དང་ཉ་སྐུད་ཟུང་སྦྲེལ་བྱས་པ་དེ“ཐོག་སྦྲེལ་གནམ་སྐུད”དང་འདྲ་བ་དང་།ལྷད་རྫས་འདུས་ཚད་མཐོ་བའི་ཆུ་ཁོངས་སུ་གློག་འདྲེན་ཚད་ཀྱང་ཅུང་མཐོ་བས་ཐོག་རྒྱག་སླ་བ་ཡོད་ཅེས་བཤད།
འབྲུག་ཆར་འབབ་དུས་ཇི་ལྟར་བྱས་ནས་ཐོག་འགོག་དགོས་ཞེ་ན།དེའི་ཐད་པེ་ཅིང་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན།གལ་ཏེ་ཕྱི་རོལ་དུ་གློག་འཁྱུག་པ་མཐོང་བ་དང་སྐར་ཆ་30ཡི་ནང་སླར་ཡང་འབྲུག་སྒྲ་ཐོས་ཚེ།སྐབས་དེ་དུས་ཁྱེད་ཉིད་ཐོག་ཁུལ་དུ་གནས་ཡོད་པ་མཚོན་གྱི་ཡོད་པས།ངེས་པར་དུ་ལུས་སྟེང་གི་ལྕགས་དབྱུག་དང་ཉ་འཛིན་དབྱུག་པ་སོགས་ལྕགས་རིགས་དངོས་པོ་གཞན་དུ་འཇོག་དགོས་པ་དང་།ཆུ་འགྲམ་དང་།རི་རྩེ།ལྡིང་ཁང་ཆུང་ཆུང་སོགས་ཁེར་རྐྱང་དུ་གནས་པའི་ས་ཆ་ནས་ཁ་བྲལ་ཏེ་དུས་ཐོག་ཏུ་ཐོག་འགོག་སྒྲིག་ཆས་ཡོད་པའི་འཛུགས་སྐྲུན་དངོས་པོའི་ནང་གབ་དགོས། གལ་ཏེ་ཐོག་མགོ་ཐོག་ཏུ་ཡོད་ན།དམའ་སའི་ས་ཁུལ་ཞིག་བཙལ་ནས་རྐང་པ་གཉིས་མཉམ་དུ་རུབ་སྟེ་ལག་གཉིས་མགོ་སྟེང་དུ་བཞག་ནས་མགོ་བོར་སྲུང་སྐྱོང་བྱེད་དགོས།ཆར་གདུགས་འཁྱེར་མི་རུང་ཞིང་།སྡོང་པོའི་འོག་ཏུ་ཆར་གཡོལ་ཡང་བྱེད་མི་རུང་ལ།དེ་བས་རྒྱུག་ཤར་གློད་མི་རུང་། འབྲུག་ཆར་མཚམས་ཆད་རྗེས་གཞི་ནས་ཆར་གདུགས་ཕུབ་ཆོག
དྲ་གྲོགས་ཁག་གཅིག་གིས་ཐོག་བརྒྱབ་རྗེས་ཇི་ལྟར་མྱུར་སྐྱོབ་བྱ་རྒྱུའི་ཐད་སེམས་ཁུར་བྱེད་ཀྱི་ཡོད།དེའི་ཐད་སི་ཁྲོན་སློབ་ཆེན་ཧྭ་ཤིས་ཐེན་ཧྥུ་སྨན་ཁང་དོས་དྲག་ཚན་ཁག་གི་ཀྲུའུ་རེན་ཧོ་པིན་གྱིས་གལ་ཏེ་ཐོག་བརྒྱབ་ནས་མིའི་གྱོན་ཆས་ལ་མེ་ཤོར་ཚེ་དུས་ཐོག་ཏུ་ཆུས་བསད་པའམ་ཡང་ན་ཕྱི་གོས་མཐུག་པོ་དང་གདན་གྱིས་རྨས་མ་བཏུམས་ནས་མེ་ལྕེ་གསོད་དགོས་པ་དང་།དབུགས་འབྱིན་རྔུབ་དང་སྙིང་གི་འཕར་མཚམས་ཆད་མཁན་ལ་མྱུར་དུ་སྙིང་དང་གློ་བ་སླར་གསོ་བྱེད་དགོས་པ་དང་།དེ་ནས་འཚིག་རྨས་ཀྱི་རྨ་ཁ་ཐག་གཅོད་བྱེད་དགོས།ཐོག་རྒྱག་སྐབས་ཀྱི་གློག་རྒྱུན་ཚ་པོས་ལུས་པོར་འཚིག་རྨས་འབྱུང་སྲིད།ཆུ་གྲང་མོས་རྨས་ས་གྲང་དུ་བཏང་རྗེས།འདིང་རས་འགེབ་དགོས། གལ་ཏེ་འདིང་རས་མེད་ན་རས་གཙང་མ་དང་གྱོན་གོས་སོགས་ཀྱིས་ཐུམ་སྒྲིལ་བརྒྱབ་ནས་དུས་ཐོག་ཏུ་ས་གནས་དེ་གའི་སྨན་ཁང་དུ་སྐྱེལ་དགོས། སྐྱེལ་བའི་ལམ་བར་དུ་སྨན་ཆུ་བླུགས་དགོས་པར་མ་ཟད། དྲན་པ་མ་ཐོར་བའི་བྱེད་ཐབས་སྤྱོད་དགོས།
མ་ཐིང་ཁྲེན་གྱིས་ཉ་འཛིན་པའི་བདེ་འཇགས་ཀྱི་ཉེན་ཁ་ནི་འབྲུག་ཆར་འབབ་པའི་དུས་སུ་ཐོག་རྒྱག་པ་ཙམ་གྱིས་མི་ཚད་པས། བདེ་འཇགས་ངང་ཉ་འཛིན་པར་འཛེམ་དགོས་པ་དྲུག་གི་གྲོས་འགོ་བཏོན་པ་སྟེ།གསར་སྤེལ་བྱས་མེད་པའི་ས་ཁུལ་དུ་རི་སྐྱེས་ཉ་འཛིན་པར་འཛེམ་དགོས། འབྲུག་ཆར་དང་རྒྱ་མཚོའི་རླུང་འཚུབ་སོགས་གནམ་གཤིས་ངན་པའི་སྐབས་སུ་ཕྱི་ལ་ཉ་འཛིན་པར་འཛེམ་དགོས། ལུང་གཞུང་སོགས་དམའ་སའི་ས་ཁུལ་དང་ཆུའི་གནས་ཚུལ་མི་གསལ་བའི་ས་ཁུལ་དུ་ཉ་འཛིན་པར་འཛེམ་ནས་ཆུར་བྱིང་བའི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་མི་འབྱུང་བར་བྱེད་དགོས། གློག་ཤུགས་སྒྲིག་བཀོད་འོག་ཏུ་ཉ་འཛིན་པར་འཛེམ་དགོས།ས་སྲོས་དང་མཚན་མོ་ཆུ་བོའི་ནང་དུ་ཉ་འཛིན་པར་འཛེམ་ནས་ཆུ་གནས་འཕར་བའམ་མཚན་མོའི་མཐོང་ཁྱད་ཀྱིས་བསམ་ཡུལ་ལས་འདས་པའི་གནས་ཚུལ་མི་ཡོང་བའི་སྔོན་འགོག་བྱེད་དགོས།སྔོ་དྲེག་གིས་ཁེངས་པའི་འཇམ་འདྲེད་མཚེའུ་ཡི་ངོགས་དེ་ཉ་འཛིན་སར་འདེམས་མི་རུང་ལ།སྣང་མེད་དུ་ཆུ་ནང་དུ་འཛུལ་ནས་ཉ་འཛིན་ཡོ་བྱད་ལེན་ཐབས་བྱེད་མི་རུང་ཞེས་ངོ་སྤྲོད་བྱས་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社