分享按钮

འགྲན་ཞུགས་པ་བརྒྱ་ལྷག་ཙམ་གྱིས་སྲོལ་རྒྱུན་མདའ་རྩལ་གྱི་འགྲན་བསྡུར་བྱས་པ།

ཀྲུང་གོའི་ཤང་ཀང་གི་འགྲན་ཞུཊ་པ་དབྱང་ཡུན་ལ་ཡོ་རོབ་ཀྱི་ལོ་རྒྱུས་མདའ་རྩལ་འགྲན་བསྡུར་ནང་ཟངས་ཀྱི་རྟགས་མ་ཐོབ་པ།

ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་ཤང་ཀང་གི་འགྲན་ཞུགས་པ་དབྱང་ཡུན་ལ་ཉིན་ཤས་གོང་ཕོ་ལན་དུ་འཚོགས་པའི་2024ལོའི་ཡོ་རོབ་ཀྱི་ལོ་རྒྱུས་མདའ་རྩལ་འགྲན་བསྡུར་ནང་སྐྱེས་པའི་དར་མའི་ཚོགས་ཆུང་གི་ཟངས་ཀྱི་རྟགས་མ་ཐོབ་པ་རེད།

ཡོ་རོབ་ཀྱི་ལོ་རྒྱུས་མདའ་རྩལ་འགྲན་བསྡུར་ནི་ལོ་གཅིག་དུས་གཅིག་གི་རྒྱལ་སྤྱིའི་སྲོལ་རྒྱུན་མདའ་རྩལ་འགྲན་བསྡུར་གཟབ་རྒྱས་ཤིག་ཡིན་ལ།ལོ་རྒྱུས་ཀྱི་གཏམ་རྒྱུད་དང་སྒྲིག་སྲོལ་ལྟར་སྤེལ་བའི་མདའ་རྩལ་འགྲན་བསྡུར་ཞིག་ཀྱང་ཡིན། འགྲན་བསྡུར་ནང་ཞུགས་མཁན་གྱིས་རང་རྒྱལ་ཁབ་དང་ས་ཁུལ་གྱི་སྲོལ་རྒྱུན་གྱི་མདའ་འཁྱེར་དགོས་པར་མ་ཟད། མི་རིགས་ཀྱི་གྱོན་ཆས་གྱོན་ནས་གནའ་མིས་མདའ་འཕེན་པའི་རྣམ་པ་སླར་གསོ་བྱེད་དགོས་ཀྱི་ཡོད་པ་རེད། ཀྲུང་གོའི་ཤང་ཀང་ཀྲུང་ཧྭ་སྲོལ་རྒྱུན་མདའ་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་མི་བདུན་ཅན་གྱི་རུ་ཁག་ཅིག་བཏང་ནས་ཕོ་ལན་དང་། འཇར་མན། ཧང་ག་རི། རྒྱ་གར། པར་ཙིར་སོགས་ཀྱི་འགྲན་ཞུགས་པ་བརྒྱ་ལྷག་ཙམ་དང་མཉམ་དུ་སྲོལ་རྒྱུན་མདའ་རྩལ་འགྲན་བསྡུར་བྱས་པ་རེད། ཉིན་གསུམ་རིང་གི་འགྲན་བསྡུར་ནང་མདའ་འཕེན་པ་དང་ཐང་གཞོང་དུ་3Dརྣམ་པའི་མདའ་འཕེན་པ། སྲོལ་རྒྱུན་གྱི་མདའ་འཕེན་པ་བཅས་འགྲན་བསྡུར་ཁག་གསུམ་ཚུད་ཡོད་པ་རེད།

འདི་ལོའི་འགྲན་བསྡུར་དེ་ཕོ་ལན་གྱི་ཀོ་ལུའུ་པུའུ་ཏུའོ་པུར་ཅིན་མཁར་རྫོང་དུ་སྤེལ་བ་དང་། མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པའི་འགྲན་བསྡུར་ནི་ཐང་གཞོང་དུ་3Dརྣམ་པའི་མདའ་འཕེན་པ་དེ་ཡིན་པ་དང་། གཙོ་གཉེར་ཕྱོགས་ཀྱིས་རྣམ་པ་མི་འདྲ་བའི་3Dསྲོག་ཆགས་ཀྱི་མདའ་འཕེན་སའི་འབེན་ཏེ།དཔེར་ན། ར་དང་། རི་ཕག དོམ། བྱ་གག ཤ་བ་སོགས་མཁར་རྫོང་ཁག་ཏུ་བཀོད་སྒྲིག་བྱས་པ་དང་།འགྲན་བསྡུར་ནང་ཞུགས་མཁན་གྱིས་རྩྭ་ཐང་དང་། གྱང་གྲོང་། རི་ལྡེབས། རྩྭ་གསེབ་སོགས་ནས་མདའ་འཕངས་ཏེ་སྲོལ་རྒྱུན་མདའ་རྩལ་གྱི་འགྲན་བསྡུར་སྤེལ་བ་རེད།

དབྱང་ཡུན་ལ་སྐྱེས་པའི་དར་མའི་ཚོགས་ཆུང་གི་ཟངས་ཀྱི་རྟགས་མ་ཐོབ་རྗེས།ཁོང་གིས་ང་ཚོས་རྒྱལ་སྤྱིའི་མདའ་རྩལ་ངོམ་པར་འདོད་པའི་གྲོགས་པོར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་གོའི་མདའ་རྩལ་གྱི་སྙིང་སྟོབས་མཉམ་སྤྱོད་བྱ་རྒྱུ་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

ཀྲུང་གོའི་ཤང་ཀང་ཀྲུང་ཧྭ་སྲོལ་རྒྱུན་མདའ་རྩལ་སྤྱི་ཁྱབ་ལྷན་ཚོགས་ནི་2018ལོར་བཙུགས་པ་དང་། སྲོལ་རྒྱུན་གྱི་མདའ་རྩལ་འགྲན་བསྡུར་ཁག་ནང་ཧུར་ཐག་ཞུགས་པ་དང་། སྤྱི་ཁྱབ་ལྷན་ཚོགས་ཀྱིས་ད་དུང་འདི་ལོའི་ཟླ་7པར་རུ་མི་བཏང་ནས་མ་ལེ་ཞི་ཡར་གཉེར་བའི་པ་ལི་ཨའོ་རྒྱལ་སྤྱིའི་ལོ་རྒྱུས་ཀྱི་མདའ་རྩལ་འགྲན་བསྡུར་ནང་ཞུགས་པའི་ནང་། ཆན་ཁྲུའུ་ལ་གདོད་མའི་རྣམ་པའི་མདའ་རྩལ་འགྲན་བསྡུར་གྱི་བུད་མེད་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-28 འགྲན་ཞུགས་པ་བརྒྱ་ལྷག་ཙམ་གྱིས་སྲོལ་རྒྱུན་མདའ་རྩལ་གྱི་འགྲན་བསྡུར་བྱས་པ། 6 6 拉萨日报藏文 c187045.html 1 ཀྲུང་གོའི་ཤང་ཀང་གི་འགྲན་ཞུཊ་པ་དབྱང་ཡུན་ལ་ཡོ་རོབ་ཀྱི་ལོ་རྒྱུས་མདའ་རྩལ་འགྲན་བསྡུར་ནང་ཟངས་ཀྱི་རྟགས་མ་ཐོབ་པ། /enpproperty-->