分享按钮

མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་གཉན་གྲོང་ཚོས་འབྲོག་ཁུལ་གྱི་གཞི་རིམ་བཅོས་སྐྱོང་ཐད་ཐབས་ལམ་གསར་པ་བཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ་ཧའོ་དབྱི་ཉིང་དང་དངོས་སྦྱོང་སློབ་མ་སྒྲོལ་དཀར་བཟང་མོས།

རང་གྲོང་གིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཤུགས་ཆེར་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་།མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་གཉན་གྲོང་ཚོས་འབྲོག་ཁུལ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལ་དམིགས་ནས་ལྗང་གུ་དང་། སྔོན་པོ། ལི་ཁྲི། དམར་པོ་བཅས་ཚོན་མདོག་བཞིའི་ལས་ཀའི་བྱེད་ཐབས་གནད་ལ་འཁེལ་བའི་སྒོ་ནས་འཚོལ་ཞིབ་ཧུར་ཐག་བྱས་ཏེ།མང་ཚོགས་ཀྱི་དགོས་མཁོ་མི་འདྲ་བར་གཞིགས་ནས་ཐུན་མོང་རང་བཞིན་དང་མི་སྒེར་རང་བཞིན་གྱི་བརྩེ་སེམས་ངོ་མའི་ཞབས་ཞུ་མཁོ་འདོན་བྱས་ནས་འབྲོག་ཁུལ་གྱི་ཁྱད་ཆོས་དང་མཐུན་པའི་གཞི་རིམ་བཅོས་སྐྱོང་ཐད་ཐབས་ལམ་གསར་པ་ཞིག་བཏོད་ཡོད།

ཉེ་ཆར། མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་གཉན་གྲོང་ཚོའི་ལས་བྱེད་པས་དུད་ཚང་སྔོན་པོའི་ཡུལ་མི་བསམ་གཏན་གྱི་ཁྱིམ་དུ་ཕྱིན་ནས་ཁག་གཅིག་གིས་གཙང་སྦྲ་བྱེད་པ་དང་། ཁག་གཅིག་གིས་ཕྲུ་གུར་སྦྱོང་ཚན་ཟུར་ཁྲིད་བྱེད་པ། ཁག་གཅིག་གིས་རྒན་རྒོན་དང་མཉམ་དུ་ཁ་བརྡ་བྱེད་པ་སོགས་བྱས་པ་རེད།བསམ་གཏན་ཚང་ལ་ཁྱོན་བསྡོམས་ཁྱིམ་མི་6་ཡོད་པ་དང་། ངལ་རྩོལ་ནུས་ཤུགས་ཡོད་མཁན་མི་2ལས་མེད་པ། ཕྲུ་གུ་4ཚང་མ་སློབ་གྲྭར་འགྲོ་བཞིན་ཡོད། ཁྱིམ་ཚང་གི་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོ་ནི་ནོར་གནག་གསོ་ཚགས་དང་དབྱར་རྩྭ་དགུན་འབུ་འཐུ་རྒྱུ་དེ་ཡིན་པ་དང་།ལོ་རེའི་ཡོང་འབབ་སྒོར་ཁྲི་8ཙམ་ཟིན་གྱི་ཡོད། ངལ་རྩོལ་ནུས་ཤུགས་ཉུང་བ་དང་། ཁྱིམ་ཚང་གི་ཡོང་འབབ་དམའ་བ། བུ་ཕྲུག་ཚང་མ་སློབ་གྲྭར་འགྲོ་བཞིན་ཡོད་པ་སོགས་ཀྱི་རྐྱེན་པས། བསམ་གཏན་ཚང་ནི་དུད་ཚང་སྔོན་པོའི་ཁོངས་སུ་གཏོགས་ཤིང་། དུད་ཚང་སྔོན་པོ་ཞེས་པ་ནི་གློ་བུར་དུ་དོན་རྐྱེན་བྱུང་བའི་རིགས་དང་། ནད་གཞི་ཚབས་ཆེན་བྱུང་བ། ངལ་རྩོལ་ནུས་ཤུགས་མེད་པ། བུ་ཕྲུག་མང་པོ་སློབ་གྲྭར་འགྲོ་བ་སོགས་ཀྱི་དབང་གིས་འཚོ་བ་དང་དཔལ་འབྱོར་ཐད་དཀའ་ངལ་ཆེ་བའི་ཁྱིམ་ཚང་ལ་ཟེར།

གཉན་གྲོང་ཚོར་དུད་ཚང་སྔོན་པོ་དང་། དུད་ཚང་ལི་ཁྲི། དུད་ཚང་དམར་པོ། དུད་ཚང་ལྗང་གུ་བཅས་རིགས་བཞིར་དབྱེ་བ་ནི་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་གཉན་གྲོང་ཚོས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གསར་པ་ཞིག་རེད། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཁྲོད་གཉན་གྲོང་ཚོས་ཁོངས་གཏོགས་ཁུལ་གྱི་འབྲོག་པའི་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྩད་ཞིབ་བྱས་པ་དང་།གྲོང་ཚོའི་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་གཟའ་འཁོར་རེའི་བཀོད་གཏོང་ཚོགས་འདུར་བརྟེན་ནས་འབྲོག་པའི་དགོས་མཁོ་གཙོ་བོར་ཞིབ་དཔྱད་གནད་ལ་འཁེལ་བའི་སྒོ་ནས་བརྡར་ཤ་བཅད་ནས་ཞི་མཐུན་བརྟན་ལྷིང་གི་ཁྱིམ་ཚང་དང་། དཔལ་འབྱོར་ལ་དཀའ་ངལ་འཕྲད་པའི་ཁྱིམ་ཚང་། རྒན་རྒོན་ཁེར་རྐྱང་དུ་ལུས་པའི་ཁྱིམ་ཚང་། བལྟོས་བཅས་བརྟན་ལྷིང་མེད་པའི་ཁྱིམ་ཚང་བཅས་རིགས་བཞི་གཞིར་བཟུང་།གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་197ལ་དབྱེ་བ་ཕྱེ་ཡོད། སྒྲིག་ཁྲིམས་དང་ཁྲིམས་སྲུང་བ་དང་། ཡར་བརྩོན་ཧུར་ཐག་བྱེད་པ། ཁྱིམ་ཚང་འཆམ་མཐུན། ཁྱིམ་མཚེས་དབར་འཆམ་མཐུན་བཅས་ཀྱི་དུད་ཚང་ནི་ཚོན་མདོག་ལྗང་གུས་མཚོན་པ་ཡིན། གློ་བུར་དུ་དོན་རྐྱེན་བྱུང་བའི་རིགས་དང་། ངལ་རྩོལ་ནུས་ཤུགས་མེད་པ། ཕྲུ་གུ་མང་པོ་སློབ་གྲྭར་འགྲོ་བ་སོགས་ཀྱི་རྐྱེན་པས་འཚོ་བ་དང་དཔལ་འབྱོར་ལ་དཀའ་ངལ་འཕྲད་པའི་དུད་ཚང་ནི་ཚོན་མདོག་སྔོན་པོས་མཚོན། གཞིས་ལུས་དང་རང་སྐྱ་མི་འཕེར་བར་ཁེར་རྐྱང་དུ་ལུས་པ་དང་། མི་ཧྲེང་རྒན་རྒོན། གཞིས་ལུས་བུད་མེད་དམ་བྱིས་པ་བཅས་ཀྱི་མི་ཧྲེང་རྒན་རྒོན་དང་གཞིས་ལུས་དུད་ཚང་ཚན་མདོག་ལི་ཁྲིས་མཚོན། ཁྱིམ་ཚང་ནང་འགལ་བ་ཡང་ཡང་ཐོན་པ་དང་། ཁྱིམ་མཚེས་དབར་རྩོད་གཞི་མང་བའམ་ཡང་ན་རང་ཉིད་ཀྱི་གནས་བབ་ལ་ཡིད་མི་ཚིམ་པ་དང་། གཙོ་གནད་བྱ་ཡུལ་ཡོད་པའི་བལྟོས་བཅས་ཀྱི་བརྟན་ལྷིང་མེད་པའི་ཁྱིམ་ཚང་ནི་ཚོན་མདོག་དམར་པོས་མཚོན་པས་དོ་དམ་བྱེད་སྟངས་དེ་ཁྱོན་ཡོངས་ལ་ཁྱབ་པ་དང་ཆད་ལུས་མེད་པ་མངོན་འགྱུར་ཡོང་བར་བྱས་ཡོད།

ཚོན་མདོག་ལ་གཞིགས་པའི་དོ་དམ་ལས་དོན་ཁྲོད་གཉན་གྲོང་ཚོའི་ཏང་ཡོན་རྒན་གྲས་རྡོ་རྗེ་ཚང་དུད་ཚང་ལྗང་གུའི་ཁོངས་སུ་གཏོགས་པ་དང་། རྡོ་རྗེ་ཚང་ལ་ཁྱིམ་མི་བརྒྱད་ཡོད་ཅིང་། བུ་དང་། མནའ་མ། བུ་མོ་བཅས་ཚང་མར་ལས་ཀ་བརྟན་པོ་ཡོད། མི་གསུམ་གྱི་གླ་ཕོགས་ཕུད་ཁོང་ཚང་ལ་ད་དུང་ནོར་གསོ་ཚགས་དང་། དབྱར་རྩྭ་དགུན་འབུ་འཐུ་བ། སྐྱེ་ཁམས་ཀྱི་ཁ་གསབ་སོགས་དཔལ་འབྱོར་གྱི་ཡོང་ཁུངས་ཡོད་པས་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་15ཙམ་ཟིན་གྱི་ཡོད། རྡོ་རྗེས་ད་ཆ་ཏང་གི་སྲིད་ཇུས་ཡག་པོ་ཡོད་པས་ང་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོད། ངས་ཁྱིམ་དུ་ཚ་བོར་ལྟ་རྟོག་བྱེད་པ་ལས་འཚོ་བའི་ཆེད་དུ་ཡར་འགྲོ་མར་འགྲོ་བྱེད་དགོས་ཀྱི་མེད་ཅེས་མྱོང་ཚོར་ཟམ་མོའི་ངང་ནས་བཤད།

རྡོ་རྗེའི་བུ་མོ་ཟླ་བ་གཡུ་སྒྲོན་གྱིས་ང་ནི་རུ་ཐོག་ཤང་སྤྱི་ཚོགས་ལས་དོན་ས་ཚིགས་ཀྱི་སྤྱི་ཚོགས་ལས་དོན་པ་ཞིག་ཡིན། སློབ་གྲྭ་ཐོན་རྗེས་ཤང་སྲིད་གཞུང་གིས་ང་ལ་ལྟ་རྟོག་ཡག་པོ་བྱས་ནས་ཁྱིམ་དང་ཐག་ཉེ་ཤོས་ཀྱི་ས་ཆར་ལས་ཀ་བྱེད་དུ་བཅུག་པས་ངེད་ཚང་གི་དཔལ་འབྱོར་གྱི་གནོན་ཤུགས་ཆུང་དུ་ཕྱིན་ཡོད། ངས་ལས་ཀ་ཡག་པོ་བྱེད་པ་དང་ཡར་ཐོན་ཧུར་ཐག་བྱས་ཏེ་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ཁོང་ཚོའི་བཀའ་དྲིན་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད།

གཉན་གྲོང་ཚོར་དུད་ཚང་དམར་པོ་13དང་། དུད་ཚང་སྔོན་པོ་4 དུད་ཚང་ལི་ཁྲི་2 དུད་ཚང་ལྗང་གུ་178བཅས་ཡོད་པ་རེད། གཉན་གྲོང་ཚོན་མདོག་བཞིའི་ཁྱིམ་ཚང་གི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་བཙུགས་ནས་དུས་ཚིགས་རེར་དུད་ཚང་ལྗང་གུའི་གནས་ཚུལ་དང་། དུད་ཚང་སྔོན་པོའི་འཚོ་བ་ལེགས་སུ་འགྲོ་ཚུལ། དུད་ཚང་ལི་ཁྲིའི་དཀའ་ངལ་སེལ་ཚུལ། དུད་ཚང་དམར་པོའི་མངོན་མེད་རྐྱེན་ངན་སེལ་ཚུལ་བཅས་ལ་ཕྱོགས་བསྡུས་བརྡར་ཤ་བཅད་ནས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་དཔུང་ཁག་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚོན་མདོག་བཞི་ལེགས་སྒྲིག་ལ་ཞིབ་འཇུག་བྱས་ཏེ་འགུལ་རྣམ་ལེགས་སྒྲིག་ལ་བརྟེན་ནས་ཞབས་ཞུ་གནད་ལ་འཁེལ་ཞིང་ཞིབ་ཚགས་ཅན་མངོན་འགྱུར་ཡོང་བར་བྱེད་ཀྱི་ཡོད་པ་རེད།

ཚོན་མདོག་བཞིའི་ལས་ཀའི་བྱེད་ཐབས་ཁྱབ་གདལ་དུ་བཏང་བ་ནས་བཟུང་། གཉན་གྲོང་ཚོས“1+4+X”ཁྲོད་མཉམ་འབྲེལ་དུད་དཔོན་དང་། ཏང་ཡོན་ལྟེ་བའི་དུད་ཚང་། རིགས་ཁག་གི་ཆེད་ལས་ལས་བྱེད་པ། འགན་གཙང་ལེན་ལས་བྱེད་པ། ལས་ཐོག་ཏང་ཡོན་སོགས་“X”སྟོབས་ཤུཊ་བསྡུ་སྒྲིལ་བྱས་ཏེ་དྲ་མིག་ཅན་གྱི་དང་བླངས་ཞབས་ཞུའི་དཔུང་ཁག་སྔར་བས་སྟོབས་ཆེར་བཏང་བ་དང་། ཚོན་མདོག་བཞིའི་ཁྱིམ་ཚང་གི་ཁྱད་ཆོས་ལ་གཞིཊ་ནས་མི་སྣ་བཀོད་སྒྲིག་བྱས་ནས་ཆ་སྒྲིག་ཞབས་ཞུ་སྤེལ་བ་དང་། ཡུལ་དངོས་སུ་བཅར་འདྲི་དང་དྲ་ཐོག་བཀོད་གཏོང་ཟུང་འབྲེལ་བྱས་ནས་རྩིས་ཐོ་རྣམ་པའི་དོ་དམ་ཞབས་ཞུ་ཁྱབ་གདལ་དུ་བཏང་བ། ཐུན་མོང་རང་བཞིན་དང་ཟུང་འབྲེལ་བྱེད་པའི་ཞབས་ཞུའི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་སྲིད་ཇུས་དང་ཞབས་ཞུ་མང་ཚོགས་ཀྱི་ཁྱིམ་དུ་དངོས་སུ་བསྒྲུབས་པ་དང་།གནད་དོན་དང་མི་མངོན་པའི་རྐྱེན་ངན་གཞི་རིམ་གྱི་འཐབ་ས་དང་པོར་ཐག་གཅོད་བྱས་ཏེ་མང་ཚོགས་ཀྱི་སྐྱིད་སྣང་དང་འདོད་བློ་ཁེངས་ཚད་གོང་མཐོར་ནུས་ལྡན་བཏང་ཡོད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-28 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ་ཧའོ་དབྱི་ཉིང་དང་དངོས་སྦྱོང་སློབ་མ་སྒྲོལ་དཀར་བཟང་མོས། 6 6 拉萨日报藏文 c187035.html 1 མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་གཉན་གྲོང་ཚོས་འབྲོག་ཁུལ་གྱི་གཞི་རིམ་བཅོས་སྐྱོང་ཐད་ཐབས་ལམ་གསར་པ་བཏོད་པ། /enpproperty-->