ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པའི་ལོ་བཅུའི་རིང་། མི་སྣ་འགྲོ་སྐྱོད་བདེ་བ་དང་དངོས་ཟོག་ཤར་གཏོང་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། གྲོང་ཁྱེར་དབར་གྱི་བར་ཐག་ཀྱང་ཐུང་དུ་ཕྱིན་ནས། གྲོང་ཁྱེར་དབར་གྱི་དཔལ་འབྱོར་ཉོ་ཚོང་ཐད་འགྲོ་འོང་དང་སྤེལ་རེས་ལ་སྐུལ་མ་ཐེབས་པར་མ་ཟད།ལས་ཞུགས་ལས་གནས་མང་དུ་ཕྱིན་པ་དང་གྲོང་མིའི་འཚོ་བ་ལེགས་སུ་ཕྱིན་པས།ལམ་རྒྱུད་ཀྱི་མི་དམངས་མང་ཚོགས་ཀྱི་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད།
གླུ་གཞས《མཁའ་ལམ》ཞེས་པའི་ནང་བླངས་པ་ལྟར་ལྷ་གཞིས་ལྕགས་ལམ་གྱིས་རང་ལྗོངས་དང་ས་ཁོངས་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་ཕྱིན་པར་མ་ཟད། ལྕགས་ལམ་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཡོད་ཀྱི་ཆ་རྐྱེན་བསྐྲུན་ཡོད་ལ། དེ་བས་གལ་ཆེ་བ་ཞིག་ནི་ས་གནས་གཉིས་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ལེགས་སུ་ཕྱིན་ནས་མང་ཚོགས་ཀྱི་འཚོ་བ་སྔར་བས་སྐྱིད་སྣང་དོད་དུ་ཕྱིན་ཡོད།
བསྟན་འཛིན་བྱང་ཆུབ་སྡོད་སའི་སེར་མ་སྡེ་ཁུལ་ལ་སྔོན་ཆད་སེར་མ་གྲོང་ཚོ་ཞེས་བརྗོད་ཅིང་ལྷ་སའི་ནུབ་ཕྱོགས་ཟོག་འདྲེན་ར་བའི་འགྲམ་དུ་གནས་ཡོད། ཐུན་མོང་མ་ཡིན་པའི་ས་བབ་ཀྱི་གནས་བབ་ལ་བརྟེན་ནས་ས་ཆ་དེ་བོད་ལྗོངས་ཀྱི་ལྕགས་ལམ་དངོས་ཟོག་སྐྱེལ་འདྲེན་བྱ་ཡུལ་ཆེ་ཤོས་སུ་གྱུར་ནས་སེར་མ་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བར་དུས་དེ་ནས་བཟུང་ལེའུ་གསར་པ་ཞིག་འགོ་བརྩམས་ཡོད། རྒྱང་རིང་ནས་བལྟས་ཚེ། ད་ཆའི་སེར་མ་སྡེ་ཁུལ་གྱི་ཐོག་སོ་གཉིས་ལྡན་གྱི་སྒོ་ར་ཆུང་ཆུང་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པོས་བསྒྲིགས་པ་དང་གཙང་ཞིང་གྲལ་འགྲིག་པའི་འགྲོ་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པ་དང་།དེང་རབས་ཅན་གྱི་སྒྲིག་བཀོད་སྒྲིག་ཆས་ཆ་ཚང་པོ་ཡོད་པས་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ནི་སྨོས་མི་དགོས་པ་ཞིག་རེད།
བསྟན་འཛིན་བྱང་ཆུབ་ཀྱིས་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ང་ཚོའི་འདི་གར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། སྔོན་ཆད་ང་ཚོས་གཙོ་བོ་ས་ཞིང་འདེབས་པའམ་ཡང་ན་ཕྱི་རོལ་དུ་ཞོར་ལས་བྱེད་ཀྱི་ཡོད། ལྕགས་ལམ་ཤར་གཏོང་ཐུབ་རྗེས་ང་རང་ཚུད་པའི་ང་ཚོའི་གྲོང་ཚོ་ལ་ལས་ཞུགས་ཀྱི་གོ་སྐབས་ཡག་པོ་བྱུང་ཡོད། ད་ཆ་ཚང་མའི་དཔལ་འབྱོར་གྱི་ཡོང་འབབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅེས་བཤད། བསྟན་འཛིན་བྱང་ཆུབ་དང་འདྲ་བར་འཚོ་བ་སྐྱིད་པོ་སྐྱེལ་མཁན་ནི་གཞིས་ཀ་རྩེ་ནས་ཡིན་པའི་འཇམ་དབྱངས་དང་ལྷུན་གྲུབ་རྫོང་ནས་ཡིན་པའི་པ་སངས་འཕྲིན་ལས་ཡིན། ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་སློབ་ཆུང་གི་རིག་གནས་ཀྱི་ཆུ་ཚད་ལས་མེད་པའི་འཇམ་དབྱངས་ལ་ཟླ་རེར་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་རག་ཐུབ་པར་མ་ཟད།དེ་སྔ་ལས་ཀ་ཙག་ཙིག་བྱས་ནས་སྡོད་མཁན་པ་སངས་འཕྲིན་ལས་ཀྱང་མེ་འཁོར་གཏོང་མཁན་ངོ་མ་ཞིག་ཏུ་གྱུར་ནས་ཆུང་དུས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་སྟེ་ནང་མི་ཚང་མ་དང་ཐ་ན་གྲོང་ཚོ་ཡོངས་ཀྱི་སྤོབས་པ་ཞིག་ཏུ་གྱུར་ཡོད།
ལྷ་སའི་ནུབ་ཕྱོགས་ཟོག་འདྲེན་ར་བའི་ཁ་དབྲག་རླངས་འཁོར་གྱི་ཁ་ལོ་བ་འཇམ་དབྱངས་ཀྱིས་ངས་དང་ཐོག་དེ་གར་དབོར་འདྲེན་བཟོ་པ་བྱེད་པར་ཡོང་བ་དང་དེ་རྗེས་ཁ་དབྲག་རླངས་འཁོར་གཏོང་སྟངས་སྦྱངས་པར་མ་ཟད། རླངས་འཁོར་གཏོང་ཆོག་པའི་ཐོབ་ཐང་ལག་ཁྱེར་ཡང་བླངས་པ་ཡིན།འཚོ་བའི་ཐད་ནས་བརྗོད་ན།དེ་སྔ་དབོར་འདྲེན་བཟོ་པ་བྱེད་སྐབས་གླ་ཕོགས་མཐོན་པོ་མེད་པ་དང་ད་ཆ་གླ་ཕོགས་མཐོ་རུ་ཕྱིན་ནས་རླངས་འཁོར་ཉོས་པར་མ་ཟད།ཁང་པ་ཡང་ཉོ་རྩིས་ཡོད་པས་འཚོ་བ་དེ་བས་ཡག་ཏུ་ཕྱིན་ཡོད་ཅེས་བཤད།
པ་སངས་འཕྲིན་ལས་ཀྱིས་གསར་འགོད་པར་ང་ནི་2017ལོར་ནས་མེ་འཁོར་གཏོང་མཁན་ཞིག་བྱས་པ་དང་སྐབས་དེ་དུས་ང་ནི་ངལ་ལས་མངགས་གཏོང་གི་ལས་མི་ཞིག་ཡིན། རང་ཉིད་ཀྱིས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད།ད་ཆ་མེ་འཁོར་གཏོང་མཁན་ངོ་མ་ཞིག་ཏུ་གྱུར་ཡོད། སླད་ཕྱིན་ངས་མེ་འཁོར་གཏོང་མཁན་གྱི་རུ་དཔོན་ལ་བརྩོན་ལེན་བྱ་རྒྱུ་ཡིན།དེ་ནི་ངའི་ཕུགས་འདུན་ཡིན་ཞེས་བཤད།
མི་དང་ཚོང་ཟོག་ཁོར་རྒྱུག་རྒྱུན་འཁྱོངས་ཐུབ་ཚེ།ལས་རིགས་ཚང་མ་དར་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་ཐུབ།ལྷ་སའི་ནུབ་ཕྱོགས་འབབ་ཚུགས་ཀྱི་རླངས་འཁོར་མངགས་སྐྱེལ་བྱ་ཡུལ་དུ་མངགས་སྐྱེལ་ཀུང་སིའི་ལས་དོན་པས་བྲེལ་འཚུབ་དང་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་བྱེད་བཞིན་ཡོད། ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ཆབས་ཅིག་ཀུང་སི་དེས་ལྕགས་ལམ་བདེ་འཇགས་དང་། དུས་ཚོད་གནད་ལ་འཁེལ་བ། སྐྱེལ་འདྲེན་བྱེད་ཚད་ཆེ་བའི་ཁྱད་ཆོས་ལ་བརྟེན་ནས་བོད་ཀྱི་ལྕགས་ལམ་ཐོག་རླངས་འཁོར་མངགས་སྐྱེལ་བྱ་ཡུལ་ཆེ་ཤོས་བསྐྲུན་པ་རེད། ལོ་བཅུའི་རིང་།རྒྱལ་ཡོངས་ས་གནས་ཁག་ནས་ལྷ་ས་དང་གཞིས་ཀ་རྩེ་བར་མངགས་སྐྱེལ་བྱེད་པའི་རླངས་འཁོར་གྱི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད།
ལྷ་སའི་ནུབ་ཕྱོགས་འབབ་ཚུགས་ཀྱི་རླངས་འཁོར་མངགས་སྐྱེལ་ཀུང་སིའི་འགན་འཁུར་བ་ཧོ་ཧྲུའུ་ཡིས་ང་ཚོའི་ལྕགས་ལམ་མངགས་སྐྱེལ་དེ་2012ལོ་ནས་ད་བར་ལོ་12ཀྱི་ལོ་རྒྱུས་ཡོད། ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ཆབས་ཅིག་ད་ཆ་ང་ཚོའི་གཞིས་ཀ་རྩེ་བར་གྱི་ལམ་ཐིག་ཀྱང་རིམ་བཞིན་འཐུས་ཚང་དུ་ཕྱིན་ཡོད།ང་ཚོས་རླངས་འཁོར་བརྒྱུད་ཚོང་ཁང་ཁག་གམ་ཡང་ན་མི་སྒེར་གྱི་རླངས་འཁོར་རྙིང་པའི་ཚོང་ཁང་དུ་མངགས་སྐྱེལ་བྱེད་སྟངས་ཀྱང་སྟབས་བདེ་རུ་ཕྱིན་ཡོད་ཅེས་བཤད།
དུས་རབས་གསར་པའི་ལོ་བཅུའི་རིང་ལྷ་གཞིས་ལྕགས་ལམ་གྱིས་གྲུབ་འབྲས་ལ་བརྟེན་ནས་ཀུན་གྱི་རེ་བ་སྟོང་ཟད་དུ་བཏང་མེད་པས།བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པར་མ་ཟད།རང་ངོས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྤུས་ཚད་ཀྱང་ཧ་ཅང་ཡག་པོ་བྱུང་ཡོད། མེ་ཤུགས་མེ་འཁོར་ནས་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བར་དང་།མི་ཐབས་ལ་བརྟེན་ནས་ཞིབ་བཤེར་བཟོ་བཅོས་བྱེད་པ་ནས་རིག་ནུས་ཞིབ་དཔྱད་ཚད་ལེན་བར་བཅས་ནི་ལྷ་གཞིས་ལྕགས་ལམ་ལོ་བཅུའི་རིང་འཕེལ་རྒྱས་མྱུར་པོ་བྱུང་བའི་དུས་རབས་ཀྱི་བསྡུས་རིས་ཤིག་རེད།
མཚོ་བོད་ཚོགས་པ་ཀུང་སི་ལྷ་སའི་འཕྲུལ་འཁོར་གྲ་སྒྲིག་ལྟེ་གནས་འཁོར་ཁང་གི་ཀྲུའུ་རེན་དགྲ་འདུལ་གྱིས་གསར་འགོད་པར་དེ་སྔ་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་སྐབས་ངས་ལྷ་གཞིས་ལྕགས་ལམ་གྱི་ཐེངས་དང་པོའི་ཚོད་ལྟའི་འཁོར་སྐྱོད་ནང་ཞུགས་པ་དང་སྐབས་དེ་དུས་ད་དུང་སྤྱིར་བཏང་མྱུར་ཚད་ཀྱི་མེ་འཁོར་ཡིན། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཤར་གཏོང་མ་ཐུབ་གོང་ངས་སླར་ཡང་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བཟོ་གྲྭའི་ནང་བཟོ་བའི་བརྒྱུད་རིམ་ཧྲིལ་པོར་ཞུགས་པ་ཡིན།འབྱུང་འགྱུར་ང་ཚོས་སྔར་བས་འབད་བརྩོན་བྱས་ཏེ་ཕྱོགས་ཁག་གི་ལས་སྒྲུབ་ཚད་གཞི་ལག་བསྟར་ཡག་པོ་བྱས་ནས་ལྷ་གཞིས་ལྕགས་ལམ་བདེ་བླག་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
འདས་དོན་ལ་ཕྱིར་མིག་བལྟ་སྐབས། ལྷ་གཞིས་ལྕགས་ལམ་གྱིས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁོངས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་དང་།མི་རིགས་ཁག་གི་མི་དམངས་དབར་གྱི་སྤེལ་རེས་དང་མཉམ་འདྲེས་སྔར་བས་ཟབ་ཏུ་ཕྱིན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། བོད་ཀྱི་ལྕགས་ལམ་དྲ་བ་རྒྱུན་ཆད་མེད་པར་འཐུས་ཚང་དུ་འགྲོ་བ་དང་ཆབས་ཅིག་ལྕགས་ལམ་གྱིས་འགྲིམ་འགྲུལ་བྱེད་སྟངས་གཞན་དག་དང་མཉམ་དུ་དམངས་ཕྱུག་བོད་དར་ཡོང་རྒྱུར་འགུལ་ནུས་གསར་པ་སྣོན་ངེས་རེད།
ང་ནི་ལོ་བཅུའི་གོང་ལྷ་གཞིས་ལྕགས་ལམ་ཐོག་མེ་འཁོར་གཏོང་མཁན་གྱི་ཁ་ལོ་བ་དང་པོ་དེ་ཡིན་པ་དང་། ལོ་བཅུའི་གོང་རླངས་འཁོར་ཤར་གཏོང་ཐུབ་པའི་ཉིན་དེར་ཚང་མའི་སེམས་ཧ་ཅང་དགའ་པོ་བྱུང་།ང་ནི་མངའ་རིས་ནས་ཡིན་པ་དང་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ང་ཚོ་ལྟ་བུའི་ཕ་ཡུལ་དང་རྒྱང་ཐག་རིང་བའི་ཕྲུ་གུ་ཕ་ཡུལ་དང་ཐག་ཇེ་ཉེ་ནས་ཇེ་ཉེ་རེད། སླད་ཕྱིན་ལྕགས་ལམ་སྔར་བས་དར་རྒྱས་འགྲོ་བ་དང་མངའ་རིས་སུའང་མེ་འཁོར་ཤར་གཏོང་ཐུབ་ནས་རང་ཉིད་སླར་ཡང་ཁ་ལོ་བ་དང་པོ་དེ་བྱེད་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་མཚོ་བོད་ཚོགས་པ་ཀུང་སིའི་ལྷ་ས་འཕྲུལ་འཁོར་གྲ་སྒྲིག་ལྟེ་གནས་བདེ་འཇགས་ཁང་གི་ཀྲུའུ་རེན་བཀྲ་ཤིས་ཕུན་ཚོགས་ཀྱིས་སེམས་གཏིང་ནས་རེ་སྒུག་བྱེད་བཞིན་ཡོད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社