(པར་ངོས་དང་པོར་མཐུད)ཧྲའོ་ཅུན་ཆིས་གསར་འགོད་པར་དེ་རིང་གི་གནམ་གཤིས་ཧ་ཅང་ཡག་པོ་ཡོད་པ་དང་ཆར་པ་བཏང་མ་སོང་ལ། འགྲན་བསྡུར་གྱི་རྣམ་པ་ཡང་ཧ་ཅང་འཁྲུག་པོ་འདུག འགྲན་བསྡུར་བྱེད་སྐབས་ལྷ་སའི་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བ་ཚོར་ཐུབ་པས་ས་ཆ་འདིར་ཧ་ཅང་དགའ་པོ་ཡོད། སང་ཉིན་གྱི་འགྲན་བསྡུར་ནང་། ང་ཚོའི་ཚོགས་པའི་མི་ཚང་མས་ནུས་ཤུགས་གང་ཡོད་བཏོན་ནས་གྲུབ་འབྲས་བློ་ཡིད་ཚིམ་པ་ཞིག་ཐོབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་འགྲན་བསྡུར་ནང་ཕྱི་རྒྱལ་གྱི་རུ་ཁག་10དང་། རྒྱལ་ནང་གི་རུ་ཁག་12ཞུགས་ཡོད་པ་དང་། ལྷ་སའི་འགྲན་དུམ་དེ་ལྷ་སར་སྐོར་བ་རྒྱག་པའི་འགྲན་བསྡུར་གྱི་རྣམ་པ་སྤྱད་ནས་འགྲན་ཞུགས་པ་ཚོ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་ཐོན་ཏེ་རྔ་ཆེན་ནུབ་ལམ་དུ་བསྐྱོད་དེ་སྐོར་བ་རྒྱག་འགོ་ཚུགས་པ་རེད། སྐོར་བ་རྒྱག་སྐབས་ལམ་བར་དུ་བཅིངས་འགྲོལ་ནུབ་ལམ་དང་། ཉི་འོད་གླིང་ཕྲན་ལམ། གཉེན་བསུ་ཟམ་པ། ལྷོ་སྐོར་ལམ། སེམས་སྦྲེལ་ཟམ་པ་བཅས་བརྒྱུད་དགོས་པ་དང་། སྐོར་བ་རྒྱག་ཐེངས་གཅིག་ལ་སྤྱི་ལེ་9.034ཡོད་པ་དང་། སྐོར་བ་ཐེངས་10བརྒྱབ་རྗེས། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཕྱོགས་སུ་མཐའ་མའི་གདོང་མཆོང་བྱེད་དགོས་པ་དང་། ཁྱོན་སྤྱི་ལེ་90.34ཡོད་པ་རེད། རྩལ་འགྲན་མཁས་ཅན་མང་པོ་འདུས་པའི་འགྲན་རའི་ཐོག་བོད་ས་གནས་རང་གི་འགྲན་ཞུགས་པ་མི་ཉུང་བ་ཞིག་ཀྱང་ཡོད་པ་དང་། ཁོང་ཚོ་རྒྱལ་སྤྱིའི་འགྲན་ཞུགས་པ་ཚོ་དང་མཉམ་དུ་འགྲན་བསྡུར་ནང་ཞུགས་ནས་འགྲན་བསྡུར་གྱི་སྤྲོ་སྣང་ལ་རོལ་ཡོད།
བོད་ལྗོངས་ཧི་མ་ལ་ཡ་རྐང་འཁོར་རུ་ཁག་གི་རུ་མི་སྦྱིན་པ་དཔལ་ལྡན་གྱིས་ང་ནི་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་ཡིན་ལ་གཞུང་ལམ་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་ཡང་ཡིན། རྒྱལ་ཁབ་ཕྱི་ནང་གི་ཆུ་ཚད་མཐོ་བའི་ལུས་རྩལ་པ་ཚོ་དང་མཉམ་དུ་འགྲན་བསྡུར་བྱས་པས་སེམས་པ་ཧ་ཅང་སྐྱིད་པོ་བྱུང་། འགྲན་བསྡུར་ཁྲོད། ཁོང་ཚོའི་ས་ནས་ཤེས་བྱ་མང་པོ་ཞིག་ཤེས་བྱུང་། འགྲན་བསྡུར་རྗེས་མའི་ནང་བདེ་འཇགས་ངང་འགྲན་བསྡུར་བྱས་ཚར་བའི་གནས་ཚུལ་འོག ཨང་རིམ་མདུན་གྲལ་དུ་སླེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
2024ལོའི་ཀྲུང་གོའི་བོད་ལྗོངས་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་ལྔ་པའི་འགྲན་བསྡུར་དེ་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་དེ་རྒྱུད་གཅིག་ལམ་གཅིག་དང་སྦྲེལ་མཐུད་དང་། ལུས་རྩལ་ཡུལ་སྐོར་འཕེལ་རྒྱས་གཏོང་བ། ཕྱི་རོལ་གྱི་ཁུལ་ཆེན་པོ་བསྐྲུན་པ་བཅས་ལ་ཁ་ཕྱོགས་པ་ཞེས་པ་གཙོ་དོན་དུ་བྱས་པ་དང་། གཞུང་ལམ་མཛེས་ཤོས་ཐོག་རྒྱུགས་ནས་ཧི་མ་ལ་ཡ་སྐོར་བ་ཞེས་པ་འབོད་ཚིག་ཏུ་བྱེད་པ། འགྲན་བསྡུར་དང་འཛད་སྤྱོད་དང་། འགྲན་བསྡུར་དང་རིག་གནས་ཡུལ་སྐོར། འགྲན་བསྡུར་དང་ཐོན་ལས་བཅས་ཟུང་འབྲེལ་བྱས་ཏེ། སྒོ་དབྱེ་དང་། མཉམ་ལས། སྤེལ་རེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་གིས་ཀྲུང་གོའི་བོད་ལྗོངས་ལ་སྔར་བས་ཀྱང་ཤེས་རྟོགས་ཡོང་བ་དང་། ཀྲུང་གོའི་བོད་ལྗོངས་སྔར་ལས་མགྱོགས་པའི་སྒོ་ནས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་དུ་འཇུག་དགོས།
ཡུལ་སྐོར་བ་ལིའི་ལགས་ཀྱིས་ང་ཚོ་ནང་མི་ཚང་མ་ཧོ་ནན་ནས་འདི་གར་ཡུལ་སྐོར་དུ་ཡོང་བ་ཡིན། དེ་རིང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་ལ་ཡོང་དུས་ཏག་ཏག་འགྲན་བསྡུར་དང་སྐབས་འཁེལ་བྱུང་ལ། བུ་མོ་ལ་ཡང་སེམས་འགུལ་ཚད་མེད་ཐེབས་སོང་། ང་ཚོར་ཡུལ་དངོས་སུ་རྣམ་པ་ཧ་ཅང་འཁྲུག་པའི་སྣང་བ་བྱུང་ལ་ཚང་མར་ཡང་དགའ་སྤྲོ་ཆེན་པོ་བྱུང་ཡོད། ད་ཆ་བོད་ལྗོངས་སུ་ཡུལ་སྐོར་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག ང་ཚོས་ཐེངས་རྗེས་མར་སླར་ཡང་བོད་ལྗོངས་ལ་ཡོང་ནས་གནས་འདི་གའི་རང་བྱུང་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད། འགྲན་དུམ་གཉིས་པ་སྟེ་ལྷ་ས་བསྐོར་བའི་འགྲན་བསྡུར་མཇུག་འགྲིལ་རྗེས། འགྲན་ཞུགས་པ་ཚོ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་བསྐྱོད་ནས་འགྲན་དུམ་གསུམ་པ་འགོ་འཛུགས་རྒྱུ་ཡིན་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社