(པར་ངོས་གསུམ་པར་མཐུད)རྒྱ་ཆེའི་ཏང་ཡོན་བཅས་དང་མཉམ་དུ་ཆུ་ལོག་འགོག་པ་དང་ཉེན་ཁ་མྱུར་སེལ་གྱི་ལས་དོན་ནང་ཧུར་ཐག་ཞུགས་པ་རེད། ཟླ་7ཚེས་24ཉིན་ནས་ད་བར་ཁོང་ཚོས་ཐོག་མཐའ་བར་གསུམ་དུ་ཆུ་ལོག་འགོག་པ་དང་ཉེན་ཁ་མྱུར་སེལ་གྱི་འཐབ་ས་མདུན་མར་ལས་གནས་བརྟན་སྲུང་བྱས་ཏེ་གདོང་མཆོང་དང་།མིག་དཔེ་བསྟན་ནས་ཆུ་ལོག་འགོག་པ་དང་ཉེན་ཁ་མྱུར་སེལ་གྱི་ཆུ་རགས་བརྟན་དུ་བཏང་ཡོད་པ་རེད།
རི་ཁུལ་དུ་དྲག་ཆར་བསྟུད་མར་བབས་པ་ལས་བྱུང་བའི་གནོད་འཚེ་ནི་ཚོད་དཔག་བྱེད་དཀའ་བ་ཞིག་ཡིན་པ་དང་། ཆུ་ཆེན་གྱིས་རི་སྟེང་གི་འདམ་བག་དང་རྡོ་འཁྱེར་ཡོང་བ་ཡིན་ན་འདི་གར་གནོད་འཚེ་ཆེན་པོ་ཐོན་ངེས། གནོད་འཚེ་ཐོན་རྗེས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་གནང་སྐབས་ཀྱི་བཀོད་སྒྲིག་གཞིར་བཟུང་སྙེ་མོ་རྫོང་གིས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་ནུས་ཤུགས་ཡོད་རྒུས་ཆུ་མཁོ་འདོན་དང་།གློག་སྤྱོད།འགྲོ་ལམ་ཤར་གཏོང་། འཕྲིན་གཏོང་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་སྦྲགས། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱས་པ་དང་།སྔོན་ཚུད་ནས་ཉེན་བརྡ་གཏོང་བར་ཤུགས་སྣོན་བརྒྱབ་ནས་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་བཀོད་གཏོང་བཀོད་སྒྲིག་དང་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་པར་བྱས་ཡོད།
གཞི་ཁྱོན་ཆེ་བའི་འདམ་རྡོའི་ཆུ་རུད་ཐེངས་དང་པོ་ཐོན་སྐབས་མི་མང་ཆེ་བ་གཉིད་ཁུག་མེད་པ་དེའང་ཤི་རྨས་བྱུང་མེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཕྱིས་སུ་སྙེ་མོ་རྫོང་གནམ་གཤིས་ཅུས་ཀྱིས་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་ཚུད་ཉེན་བརྡའི་སྔོན་བརྡ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་པ་དང་། ཟླ་7ཚེས་25ཉིན་གྱི་ཆུ་ཚོད་22དང་སྐར་མ་13ཐོག་རླུང་འཚུབ་དྲག་པོའི་གནམ་གཤིས་སྟོན་རྒྱུ་ཡིན་པ་ལྟ་ཞིབ་ཚད་ལེན་ཐུབ་པས་མགྱོགས་མྱུར་ཁ་པར་ཐོག་ནས་བཀོད་འདོམས་པུའུ་དང་འཐབ་ས་མདུན་མའི་ལས་དོན་པར་དྲན་སྐུལ་བྱས་པར་མ་ཟད། དུས་ཐོག་ཏུ་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་གསར་ཤོས་ཀྱང་ཁྱབ་བསྒྲགས་བྱས་པ་རེད། སྔོན་ཚུད་ཉེན་བརྡ་འབྱོར་བའི་འཐབ་ས་མདུན་མའི་ལས་དོན་པས་འཕྲལ་ཐག་ཆོད་པོས་རོགས་སྐྱོབ་ལས་སྒྲུབ་པ་དང་འཕྲུལ་ཆས་དང་སྒྲིག་ཆས་ཕྱིར་འཐེན་བྱས་པ་རེད། སྐར་མ་15ཡི་རྗེས་སུ། གཞི་ཁྱོན་ཆེ་བའི་འདམ་རྡོའི་ཆུ་རུད་སླར་ཡང་རྒྱུག་ཡོང་བ་རེད།
ཐེངས་དེའི་གནོད་འཚེ་ཡོད་ཚད་ལ་གོ་རིམ་ལྡན་པའི་ངང་ཁ་གཏད་བཅག་པ་རེད།
ཀུན་སེམས་གཅིག་སྒྲིལ་གྱིས་ཁྱིམ་གཞིས་བསྲུངས་བ།
ཐེངས་འདིར་སྙེ་མོ་ཤང་དུ་ལོ་50ཡི་ནང་ཐེངས་གཅིག་འཕྲད་པའི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐོན་ཐེངས་དང་པོ་ཡིན་པ་རེད། སྙེ་མོ་ཤང་གདོང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ནམ་མཁའ་ཚེ་རིང་གིས་དྲན་གསོ་བྱེད་བཞིན་དུ། ང་ད་ལོར་ལོ་67ལ་སླེབས་སོང་འདམ་རྡོའི་ཆུ་རུད་ཆེན་པོ་འདི་འདྲ་མཐོང་ཐེངས་དང་པོ་ཡིན། 1974ལོའི་གཡས་གཡོན་དུ་ཆུ་ལོག་ཐེངས་གཅིག་ཐོན་མྱོང་ཡང་ཆེན་པོ་འདི་འདྲ་མེད། སྐབས་དེ་དུས་ལྕགས་རི་ཁ་ཤས་འཁྱེར་བ་ཙམ་རེད་ཅེས་བཤད།
འདམ་རྡོའི་ཆུ་རུད་ཀྱིས་གདོང་དཀར་གྲོང་ཚོར་གནོད་འཚེ་ཆེན་པོ་བཟོས་ཡོད། ཚེ་རིང་པ་སངས་ཀྱི་ཁྱིམ་ནི་ཁང་པར་གཏོར་སྐྱོན་ཚབས་ཆེ་ཤོས་ཕོག་པའི་དུད་ཚང་ཞིག་ཡིན་པ་དང་། ཁོ་མོའི་ཁྱིམ་གྱི་གྱང་ངོས་སུ་ཡོད་པའི་འདམ་རྡོའི་ཆུ་རུད་ཀྱི་རྗེས་ཤུལ་ཐོག་ནས་སྐབས་དེ་དུས་འདམ་རྡོའི་ཆུ་རུད་ཁང་པའི་ཐོག་ཁར་རྒྱུག་པས་ཁང་པའི་ནང་འདམ་རྡོས་ཁེངས་ཡོད་པ་ཤེས་ཐུབ། ཚེ་རིང་པ་སངས་ཀྱི་ཁྱིམ་དུ་མ་གཞི་ཙག་ཙིག་ཚོང་ཁང་ཞིག་གཉེར་སྐྱོང་བྱེད་ཀྱི་ཡོད་པ་དང་།དེ་ནི་ཁྱིམ་ཚང་དེའི་དཔལ་འབྱོར་གྱི་ཡོང་ཁུངས་གཅིག་པུ་དེ་ཡིན་རེད། འདམ་རྡོའི་ཆུ་རུད་ཀྱིས་དེ་དག་འཁྱེར་ཡོད་ཀྱང་། སྟབས་ལེགས་པ་ཞིག་ལ་གྲོང་ཚོའི་ཨུ་ལྷན་གཉིས་དང་ཁྱིམ་མཚེས་ཚོའི་རོགས་རམ་འོག་འཚོ་བ་རིམ་བཞིན་རྒྱུན་ལྡན་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པར་བྱུང་ཡོད།
ཚེ་རིང་པ་སངས་ཀྱིས་ཧྲུའུ་ཅི་ཤའོ་ལགས་དང་རྫོང་གི་འགོ་ཁྲིད་ཀྱི་ང་ལ་ལྟ་བར་ཕེབས་བྱུང་།ཆོས་ལྡན་ཀྲུའུ་རེན་གྱིས་ཁོང་ཚང་གི་ཐོག་སོ་དང་པོ་དེ་ང་ལ་གནས་སྐབས་ཚོང་ཁང་བྱ་རྒྱུར་གཡར་བྱུང་། གྲོང་ཚོའི་ལས་བྱེད་པས་ང་ཚོའི་ཆེད་དུ་བྲེལ་བ་ཆེན་པོ་བྱེད་ཀྱི་ཡོད་ལ། ཚང་མས་ང་ལ་ཚོང་ཟོག་ཙག་ཙིག་དེ་དག་བྱེ་འདམ་ཁྲོད་ནས་འདོན་རོགས་བྱས་པར་མ་ཟད། གང་ཉོ་དགོས་ཀྱང་ངའི་སར་ཉོ་བར་ཡོང་གི་ཡོད་པས། ངས་མིག་མདུན་གྱི་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
གནོད་འཚེ་ཕོག་པའི་ས་ཁོངས་སུ་ཆུ་ལོག་མེད་པར་བཟོ་བའི་བྲེལ་འཚུབ་ཆེ་བའི་གཟུཊ་བརྙནགང་སར་མཐོང་རྒྱུ་ཡོད་པ་དང་།སྒྲིག་འཛུགས་ཡོད་པའམ་ཡང་ན་རང་འགུལ་ངང་ཡོང་བའི་རོགས་སྐྱོབ་བསྐྱར་སྐྲུན་གྱི་སྟོབས་ཤུགས་དེ་དག་བརྩེ་སེམས་སུ་གྱུར་ནས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་གདོང་དཀར་གྲོང་ཚོར་ཁྱབ་ཡོད།
གྲོང་ཚོ་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་དུད་ཚང་རེ་རེ་བཞིན་ཆུ་ལོག་ཐོན་རྗེས་ལུས་པའི་འདམ་རྫབ་གཙང་བཤེར་དང་ཁང་པ་ཉམས་གསོ་བྱེད་བཞིན་ཡོད། ཚང་མས་ད་དུང་ས་འོག་ཏུ་ཤོར་བའི་སྤྱོད་ཆོག་པའི་ཁྱིམ་ཆས་དང་ཉེར་མཁོའི་དངོས་རྫས་འཚོལ་ཞིབ་བྱས་ཏེ་དཔལ་འབྱོར་གྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་བཞིན་ཡོད་པ་རེད།
ཆར་པ་བསྟུད་མར་བབས་པར་མི་ཚང་མས་སེམས་ཁྲལ་བྱེད་བཞིན་ཡོད་ལ། རི་སྟེང་དང་རི་གཤམ་གྱི་སྟོད་རྒྱུད་དང་སྨད་རྒྱུད་དུ་ཏང་ཡོན་ལས་བྱེད་པའི་སྐོར་གཡེང་ལས་རེས་བཀོད་སྒྲིག་བྱས་པ་དང་། སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་གདོང་དཀར་ཚོགས་ཆུང་དང་།དགོན་པ་དཀར་པོ་ཚོགས་ཆུང་།ཞ་ནང་ཚོགས་ཆུང་སོགས་སུ་འདམ་རྡོའི་ཆུ་རུད་ཀྱི་མངོན་མེད་རྐྱེན་ངན་གནས་མིན་ཐད་གྲལ་བཤེར་བྱས་ནས་རྒྱུན་གཏན་མིན་པའི་གནས་ཚུལ་ཐོན་མ་ཐག་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པའི་འགན་ལེན་བྱས་པ་རེད།
ཏང་ཡོན་སྐལ་བཟང་བསྟན་འཛིན་གྱིས་ཉིན་མཚན་མེད་པར་འབད་འཐབ་བྱས་ཏེ་འདམ་རྡོ་གཙང་སེལ་བྱེད་པའི་ལམ་བུའི་ཐོག་མང་ཚོགས་400ལྷག་ཙམ་གྱི་སྣེ་ཁྲིད་དེ་ཉིན་4རིང་གྲོང་ཚོར་སྐྱོད་སའི་འགྲོ་ལམ་དང་ཆུ་འདྲེན་ཆུ་ཡུར་བཤངས་པ་རེད། སྐལ་བཟང་བསྟན་འཛིན་གྱིས་ང་ལ་འདུན་པ་གཅིག་ལས་མེད། དེ་ནི་གང་མགྱོགས་ས་གཤོང་རྒྱུ་དེ་ཡིན། ང་ཚོའི་གྲོང་ཚོ་ཧྲིལ་པོ་ཞིང་ལས་བྱེད་ཀྱི་ཡོད་པས། ཞིང་ཁར་ཐན་པ་བྱུང་ཚེ་ང་ཚོའི་གྲོང་ཚོ་ལ་རྙོག་དྲ་དེ་བས་ཆེ་བ་འཕྲད་སྲིད་ཅེས་བཤད།
འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་ཁྱིམ་གཞིས་ལ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་ལ། དེའི་ཁྲོད་ཏང་གི་དར་ཆ་ཐོག་མཐའ་བར་གསུམ་དུ་གནོད་འཚེ་འགོག་པའི་འཐབ་ས་མདུན་མར་ལྷབ་ལྷུབ་ཏུ་གཡོ་བ་དང་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བཀོད་སྒྲིག་དང་བསྐྱར་སྐྲུན་ལས་དོན་ལ་གཞོགས་འདེགས་བྱེད་བཞིན་ཡོད།
(བུ་ཆུང་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社